འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལས་བྱེད་པའི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཡིད་རྟོན་མཚོ་སྔོན་
    བསྐྲུན་རྒྱུར་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། མཚོ་སྔོན་གྱིས་འགོ་ཁྲིད་ལས་བྱེད་པ་སྒེར་གྱི་འབྲེལ་ཡོད་གནད་དོན་འཐེན་བཤེར་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྒེར་གྱི་འབྲེལ་ཡོད་ནང་དོན་ཇི་མ་ཇི་བཞིན་སྙན་སེང་ཞུས་མིན་དེ་འགོ་ཁྲིད་ལས་བྱེད་པས་ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་གཞུང་དྲང་། སྤྱི་ཚོགས་ལ་ཡིད་རྟོན་བཅས་བྱེད་མིན་གྱི་ཚད་གཞི་གལ་ཆེན་ལ་བརྩིས་ནས་བློ་དཀར་སེམས་དཀར་མེད་པ་དང་། གཞུང་དྲང་མེད་པ། ཡིད་རྟོན་མེད་པ་བཅས་ཀྱི་བྱེད་སྤྱོད་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་བློ་དཀར་སེམས་དཀར་དང་ལྷག་བསམ་གྱི་འདུ་ཤེས་འགོ་ཁྲིད་ལས་བྱེད་པའི་རང་འགུལ་གྱི་བྱ་སྤྱོད་ལ་འགྱུར་བར་བྱས་པ་རེད། འདི་ལོའི་ལོ་སྟོད་དུ་རྫོང་རིམ་པ་ཡན་གྱི་ལས་བྱེད་པ་1816དང་ཁོང་ཚོའི་བཟའ་ཟླ་དང་བུ་ཕྲུག་ཁྱོན་མི་5971གི་མི་སྒེར་གྱི་འབྲེལ་ཡོད་གནད་དོན་གཙོ་གནད་ལ་འཐེན་བཤེར་དང་སྐབས་བསྟུན་འཐེན་བཤེར་བྱས་པ་རེད། གནས་ཚུལ་གསང་བའམ་སྦ་གསང་བྱེད་མཁན་མི་502ལ་དྲན་སྐུལ་བྱས་པ་དང་། མི་52ལ་ཡིག་ཐོག་འདྲི་རྩད་བྱས་པ། མི་24ལ་དྲན་སྐུལ་སློབ་གསོ་བཏང་བ་རེད། འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་སྒེར་གྱི་ཆེད་དུ་རྒྱལ་སྒྲོལ(རྒྱལ་མཚམས་ལས་སྒྲོལ་བ)ལག་ཁྱེར་གཉེར་བ་དང་འཁྱེར་བའི་སྤྱོད་ཚུལ་ལ་བཅོས་སྒྲིག་ལས་དོན་མུ་མཐུད་སྤེལ་ནས་རྒྱལ་སྒྲོལ(རྒྱལ་མཚམས་ལས་སྒྲོལ་བ)ལག་ཁྱེར་བསྡུ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་ལས་བྱེད་པའི་ཡིད་རྟོན་རང་འདོམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།
         དེ་དང་ཆབས་ཅིག་ཡིག་བསྐུར་ངོ་བཅར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་དང་། ཁ་པར་དང་། ཡིག་བསྐུར་ངོ་བཅར། དྲ་རྒྱ། འཕྲིན་འཐུང་བཅས“ཕྱོགས་བཞི་གཞི་གཅིག”གི་ཐེར་འདོན་ལས་སྟེགས་བསྐྲུན་ནས། བསམ་འཆར་ཡོད་པའི་གནད་དོན་ལ་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་མི་འདེམས་པ་དང་མི་སྤྱོད་པའི་བརྒྱུད་རིམ་ཚད་ལྡན་མེད་པ་དང་། “ལོ་ན་དང་སློབ་རྒྱུས། ཐོབ་ཐང”བཅས་བཟོ་བཅོས་དང་རྫུས་མ་བཟོས་པའི་གནད་དོན་བཅོས་སྒྲིག་ཐག་གཅོད་ནན་པོ་བྱས་པ་དང་གནས་སའི་ཚན་པ་དང་ས་ཁུལ་གྱིས་འབྲེལ་ཡོད་དོ་བདག་དང་འབྲེལ་ཡོད་འགན་ཁུར་མི་སྣར་འགན་འཁྲི་བདའ་འདེད་དང་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་བཀའ་བཏང་བ་རེད། ལས་བྱེད་པར“སྔོན་འགོག་ཁབ”ཡག་པོ་བརྒྱབ་སྟེ་ལས་བྱེད་པའི་སྒྲིག་ཁྲིམས་གྱི་འདུ་ཤེས་དང་ཡིད་རྟོན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད། འདི་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་སུ་ཡིག་བསྐུར་ངོ་བཅར་ནས་ཐེར་འདོན་བྱས་པའི་ལས་བྱེད་པ་21ལ་ཞིབ་བཤེར་བྱས་པ། ཐེར་འདོན་གྱི་ནང་དོན་བདེན་པ་དང་ཆ་ཤས་བདེན་པ་ཡིན་པའི་མི་5ལ་སྐྱོན་བརྗོད་སློབ་གསོ་དང་ཁ་ཏ་བསླབ་བྱ་བྱས་པ་དང་། ལས་བྱེད་པ་7ལ་ཡིག་ཐོག་འདྲི་རྩད་བྱས་པ་དང་སྦྲགས། ཡིག་ཐོག་འདྲི་རྩད་བྱ་ཡུལ་གྱི་ལས་བྱེད་པས་《ཡིག་ཐོག་འདྲི་རྩད་ཀྱི་གསལ་བཤད་བདེན་པ་ཡིན་པའི་ཁས་ལེན་ཡི་གེ་》འཇོག་དགོས་པའི་བླང་བྱ་བཏོན་པ་དང་། ཆ་འཕྲིན་བསྡུ་ལེན་བྱས་རྗེས་ཡིག་ཐོག་འདྲི་རྩད་བྱ་ཡུལ་གྱི་ལན་འདེབས་རིང་རྩ་འཛུགས་ལ་མགོ་སྐོར་གཏོང་བའི་གནད་དོན་ཤེས་རྟོགས་བྱུང་ཚེ་ཐག་གཅོད་ནན་པོ་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།