འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡི་ལོ་སྟོད་ཀྱི་GDPའཕར་ཚད་དུས་ཚིགས་སུམ་ཅུ་བསྟུད་མར་རྒྱལ་ཡོངས་ཀྱི་
    མདུན་གྲལ་གྱི་ཨང་གསུམ་པར་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ཀུའེ་དབྱང་ནས་ཟླ་7ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་གྱིས་2018ལོའི་ལོ་སྟོད་ཀྱི་བསྡོམས་རྩིས་གྲངས་གཞི་གཙོ་བོ་ཁྱབ་བསྒྲགས་བྱས་ཤིང་། འདི་ལོའི་ལོ་སྟོད་དུ་ཀུའེ་ཀྲོའུ་ཡི་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་6632.86ཟིན་པ་དེ་ལོ་སྟོད་ཀྱི་དུས་མཚུངས་ལས10.0%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཆུ་ཚད་ཀྱི་བརྒྱ་ཆའི་གྲངས་3.2ལས་མཐོ་བ་ཡོད་པ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། དུས་ཚིགས་སུམ་ཅུའི་ནང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་གྱི་ཨང་གསུམ་པར་སླེབས་པ་བཅས་དཔལ་འབྱོར་འཁོར་སྐྱོད་ཐད་མྱུར་ཚད་མགྱོགས་ཙམ་དང་། གྲུབ་ཆ་ལེགས་པ། ཕན་འབྲས་མཐོ་བ། དམངས་འཚོ་ལེགས་བཅོས་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།
         བསྡོམས་རྩིས་ལས་མངོན་པར། ལོ་སྟོད་དུ་ཀུའེ་ཀྲོའུ་ཡི་ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་2761.82ཟིན་ནས་9.8%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དེ་ལོ་སྟོད་ཀྱི་དུས་མཚུངས་ལས་9.6%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཆུ་ཚད་ཀྱི་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་བྱུང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་འཕར་ཚད་ཟླ་བ་91བསྟུད་མར་དུས་མཚུངས་ཀྱི་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་མཐོ་བ་ཡོད་པ་རེད། དཔལ་འབྱོར་ཕན་འབྲས་ནས་བལྟས་ན། ཁེ་ལས་ཀྱི་ཡོང་འབབ་དང་། ཁེ་བཟང་། ཁྲལ་དངུལ་སོགས་ཕན་འབྲས་གཙོ་བོའི་དམིགས་ཚད་མགྱོགས་ཙམ་འཕར་ཡོད། ཟླ་དང་པོ་ནས་ཟླ་ལྔ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་དེ་ལོ་སྟོད་ཀྱི་དུས་མཚུངས་ལས་13.7%དང་། ཁེ་བཟང་46.9% ཁྲལ་དངུལ་བསྡོམས་འབོར་21.7%བཅས་སོ་སོར་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ལས་རིགས་ཆེ་གྲས་41ནང་ལས་རིགས་39ལ་ཁེ་བཟང་བྱུང་ཡོད།
         ཀུའེ་ཀྲོའུ་ཡི་ལོ་སྟོད་དུ་གྲོང་གསེབ་ཀྱི་གཞུང་ལམ་དང་ཉེན་ཡོད་སྡོད་ཁང་བསྐྱར་སྐྲུན་སོགས་འཛུགས་སྐྲུན་ནང་ཞིང་པ་ཕ་ཡུལ་དུ་ལས་ཞུགས་ཐུབ་པ་བྱུང་བ་དང་འབྲེལ་ཞིང་པའི་གླ་ཆ་ཡང་འཕར་ཏེ་ལོ་སྟོད་དུ་འཕར་ཚད་15.8%ཟིན་ཁར་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་གྱི་མི་ཁྲི་40.56ལས་ཞུགས་ཐུབ་པ་བྱུང་ནས་ལས་ཞུགས་བརྟན་པོས་གྲོང་མིར་ཡོང་འབབ་གཏོད་རྒྱུ་འགན་ལེན་བྱུང་ཡོད། གཞན་ཡང་། དྲ་བའི་འཛད་སྤྱོད་མགྱོགས་མྱུར་འཕར་བར་བརྟེན་ཀུའེ་ཀྲོའུ་ཡི་ཡུལ་ཟོག་ཕྱིར་ཚོང་རྒྱུར་སྐུལ་འདེད་ཐུབ་པ་བྱུང་ཡོད། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་བཅད་གྲངས་ཡན་གྱི་ཚན་པས་སྤྱི་པའི་དྲ་བ་བརྒྱུད་ཚོང་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་42.25ཟིན་ནས་ལོ་སྟོད་ཀྱི་དུས་མཚུངས་ལས་50.0%འཕར་ཡོད། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་མགྱོགས་སྐྱེལ་ལས་སྒོས་དངོས་ཟོག་བསྐུར་ཚད་ཁྲི་8774.04ཟིན་ནས་ལོ་སྟོད་ཀྱི་དུས་མཚུངས་ལས་35.5%འཕར་བ་དང་མགྱོགས་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་17.96ཟིན་ནས་37.4%འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།