འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“བོད་རིགས་ས་ཁུལ་གྱི་སྨན་པ་དང་ནད་པ་ཕྱིར་སྐྱོད་ཁག་པོ་ཡོད་པས་ང་ཚོ་ས་ཆ་དེར་
    སྐྱོད་དགོས” 

    —— གངས་ལྗོངས་ས་མཐོའི་བོད་སྐྱོར་ཁྱོ་ཤུག 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         “བོད་སྐྱོར་ནི་ང་ཚོའི་འགན་འཁྲི་ཡིན་ལ་ང་ཚོའི་རེ་བའང་ཡིན། ང་དང་ཝང་ཧའོ་ཡིས་2015ལོར་མིང་ཐོ་འགོད་སྐབས་བསམ་བློ་འདི་ལྟར་བཏང་བ་ཡིན”
         པེ་ཅིང་ཞེ་ཧོ་སྨན་ཁང་གི་ཁག་བཞི་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་དགའ་སྐྱེལ་འདུ་ཚོགས་འཚོག་སར། གསར་འགོད་པས་སྨན་བཅོས་རུ་ཁག་གི་ཁོངས་མི་པེ་ཅིང་ཞེ་ཧོ་སྨན་ཁང་གི་ནད་ལྕི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཚུའེ་ནཱ་ཕྲད་བྱུང་། ཚུའེ་ནཱའི་བཟའ་ཟླའི་མིང་ལ་ཝང་ཧའོ་ཟེར་བ་དང་། ལོ་གཉིས་ཀྱི་གོང་ཝང་ཧའོ་ཡི“བོད་སྐྱོར་ཕུགས་འདུན”གྲུབ་པ་དང་ཁོང་གཉིས་པོ་ཁོའོ་ཧྲི་གཅིག་ནས་རེད།
         “བོད་རིགས་ས་ཁུལ་གྱི་ནད་པ་མང་པོ་ཞིག་ལ་ནད་ཆེན་སྨན་བཅོས་ཀྱི་དཀའ་ངལ་ཡོད་པས་ནད་ལྕི་གསོ་རིག་ཚན་ཁག་ནི་སྨན་བཅོས་བོད་སྐྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་རེད”ཅེས་ཚུའེ་ནཱས་བཤད་པ་དང་། ཁོང་གིས་ང་ཚོའི་དམིགས་ཚད་ནི་ས་གནས་དེ་གའི་སྨན་ཁང་ལ་ICUཡི་ཚད་ཤིང་བཙུགས་པ་དང་དེ་རྗེས་འདི་གའི་ཉམས་མྱོང་དང་བྱ་ཐབས་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་གཞན་དག་ལ་ཁྱབ་འགྱེད་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
         ཇི་ལྟར་བྱས་ནས་ཚད་དང་ལྡན་པའི་བོད་སྐྱོར་གྱི་དུས་ཚོད་སྤྱད་དེ་ས་གནད་དེ་གའི་སྨན་ཁང་གི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་དགོས་སམ། སྨན་ཁང་ལ“རང་བརྟེན”བྱེད་པ་དང་། ནད་སྐྱོང་པར“གསོ་སྐྱོང”བྱས་ཚེ། “ནམ་ཡང་གནས་ཐུབ་པའི”སྨན་བཅོས་རུ་ཁག་ཅིག་འཇོག་ཐུབ། ཝང་ཧའོ་ཡིས་བོད་སྐྱོར་བྱེད་རིང་གཞིས་རྩེ་དང་། ཉིང་ཁྲི། ལྷོ་ཁ་སོགས་ས་གནས་མང་པོར་མྱུར་སྐྱོབ་དང་ཚན་ཁག་འཛུགས་སྐྱོང་ནང་ཞུགས་པ་དང་ཆབས་ཅིག ཚན་ཁག་གི་ནད་སྐོར་རྒྱག་པའི་སློབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད་ས་གནས་དེ་གའི་སྨན་པ་དཀའ་བཅུ་པས་ནད་གཞི་ལྕི་པོ་ཕོག་པའི་ནད་པར་ནད་བརྟག་སྨན་བཅོས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་གི་ཡོད།
        བོད་སྐྱོར་ལོ་གཅིག་བྱེད་རིང་ཝང་ཧའོ་ཡིས་ཞེ་ཧོ་སྨན་ཁང་གི་ཚད་གཞིའི་མ་ལག་ལ་དཔྱད་གཞི་བྱས་ནས་ས་གནས་དེ་གའི་ནད་ཐོག་སྨན་བཅོས་ཀྱི་སྤུས་ཚད་ཚོད་འཛིན་གྱི་སྟོན་རྟགས་དང་ནད་ཐོག་སྨན་བཅོས་ཀྱི་གསོ་དཔྱད་རྒྱུན་སྲོལ་བཟོས་པ་དང་ཆབས་ཅིག་རིག་གཞུང་སྤེལ་རེས་དང་གསོ་སྦྱོང་བརྒྱུད་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ནད་ལྕི་གསོ་རིག་ཚན་ཁག་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱོན་ཡོངས་ནས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨན་ཁང་7དང་རྫོང་རིམ་པའི་སྨན་ཁང་74ལ་ཁྱབ་འགྱེད་སྣེ་ཁྲིད་ཐུབ་ཡོད་པ་རེད།
         ད་ལྟ་ནད་ལྕི་གསོ་རིག་ཚན་ཁག་གི་བོད་སྐྱོར་གྱི་རྒྱུག་མཐུད་དབྱུག་པ་དེ་ཁག་གསུམ་པའི་རུ་མི་ཁྲའེ་ཝུན་ཀྲའོ་བརྒྱུད་ཚུའེ་ནཱ་ཡི་ལག་ཏུ་སྤྲད་ཡོད། ཟླ་7ཚེས་28ཉིན་ཚུའེ་ནཱ་དང་སྨན་བཅོས་རུ་ཁག་གི་ཁོངས་མི་གཞན་དགུ་པོ་དེ་དག་གངས་ལྗོངས་ས་མཐོར་འབྱོར་རྒྱུ་ཡིན་པ་རེད།
         “བསྒྲུབ་རྒྱུའི་ལས་དོན་ཧ་ཅང་མང་པོ་ཡོད། གོམ་སྟབས་རྗེས་མར་ནད་གཞི་ལྕི་པོ་དང་ཁྲག་རྒྱུན་སྒུལ་ཤུགས་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་གཉེར་ནས་ཁོའོ་ཧྲི་གཞན་དག་གི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་བརྒྱུད་རིམ་གྱི་བཀོལ་སྤྱོད་ཚད་ལྡན་ཅན་དུ་འགྱུར་ནུས་ཆེ་རུ་གཏོང་དགོས”ཞེས་ཚུའེ་ནཱས་བཤད་པ་དང་། ཁོང་གིས“བོད་རིགས་ས་ཁུལ་གྱི་སྨན་པ་དང་ནད་པ་ཕྱིར་སྐྱོད་ཁག་པོ་ཡོད་པས་ང་ཚོས་དེ་གར་བསྐྱོད་དེ‘ནད་ཆེན་བོད་དུ་སྨན་བཅོས་ཐུབ་པའི’དམིགས་ཚད་ལ་ལེགས་སྐྱེས་ཕྲན་བུ་འབུལ་རྒྱུ་ཡིན”ཞེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།