འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་ཚོང་དོན་རྩོད་གཞི་ཆེ་རུ་མི་འགྲོ་བའི་ཆེད་འབད་བརྩོན་ཆེ་ཤོས་བྱས་
    ཡོད་ཅེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་དཔོན་རིགས་ཀྱིས་ཨ་ཀྲུང་དབར་ཚོང་དོན་གྱི་མི་མཐུན་ས་ཐག་གཅོད་བྱེད་པའི་གྲོས་མཐུན་འཇོག་མི་ཐུབ་པའི་འགན་འཁྲི་ཀྲུང་གོར་ཡོད་ཅེས་བརྗོད་པར་དམིགས་ནས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་19ཉིན་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་ངང་རྒྱུད་རིང་པོའི་སྒོ་ནས་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་ས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཚོང་དོན་རྩོད་གཞི་ཚབས་ཆེར་འགྲོ་རྒྱུ་བཀག་འགོག་བྱ་ཆེད་འབད་བརྩོན་ཆེ་ཤོས་བྱས་ཡོད། ཨ་རི་ཕྱོགས་ཀྱི་དཔོན་རིགས་ཀྱིས་དཀར་ནག་ཕྱིན་ཅི་སློག་པ་དང་བཟང་བྱས་ངན་འགྱུར་དེ་ལྟ་བུ་བྱས་པ་དེ་སྤྱིར་བཏང་གི་མིའི་བསམ་ཡུལ་ལས་འདས་ནས་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད་ཅེས་བརྗོད་པ་རེད།
         དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བའི་ནང་འཁོད་དོན། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་ཁུ་ཏེ་ལུའོ་ཡིས་ཨ་ཀྲུང་དབར་ཚོང་དོན་གྱི་མི་མཐུན་ས་ཐག་གཅོད་བྱེད་པའི་གྲོས་མཐུན་འཇོག་མི་ཐུབ་པའི་འགན་འཁྲི་ཀྲུང་གོར་ཡོད། ད་ཆ་ཐག་གཅོད་བྱེད་དབང་ཀྲུང་གོར་ཡོད་སྟབས་ཀྲུང་གོ་ཕྱོགས་ཀྱིས་མི་རྣམས་བློ་ཡིད་ཚིམ་པའི་ཇུས་གཞི་ཞིག་བཏོན་ཚེ་ཨ་རིས་ཀྲུང་གོའི་ཚོང་ཟོག་ལ་སྒོ་ཁྲལ་སྤོར་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད་ཡོད་པས་དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོའི་ཚོང་དོན་པུའི་ཟླ་7ཚེས་12ཉིན་གྱི་གསལ་བསྒྲགས་ནང་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གནད་དོན་ཐད་ཀྱི་འབྲེལ་གཏུག་གྲོས་མོལ་བྱས་པའི་བརྒྱུད་རིམ་ཧྲིལ་པོ་ཆ་ཚང་བའི་སྒོ་ནས་སོར་ཆུད་བྱས་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་དང་ངང་རྒྱུད་རིང་པོའི་སྒོ་ནས་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་ས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཚོང་དོན་རྩོད་གཞི་ཚབས་ཆེར་མི་འགྲོ་བ་བྱ་ཆེད་འབད་བརྩོན་ཆེ་ཤོས་བྱས་ཡོད། འཛམ་གླིང་ཡོངས་ཀྱི་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བར་དོ་ཁུར་བྱེད་མཁན་ཚོས་ཀྱང་སྨྱན་སྦྱོར་བརྒྱུད་གནས་ཚུལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱས་ཡོད་ཅེས་བརྗོད་པ་རེད།
         “འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་མདུན་དུ་ཨ་རིའི་འབྲེལ་ཡོད་དཔོན་རིགས་ཀྱིས་དཀར་ནག་ཕྱིན་ཅི་སློག་པ་དང་བཟང་བྱས་ངན་འགྱུར་དེ་ལྟ་བུ་བྱས་པར་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད”ཅེས་ཁོང་གིས་བརྗོད་པ་དང་དོན་དངོས་ཡིན་ཚེ་རྫུས་མར་གྱུར་མི་སྲིད་ལ་རྫུས་མའང་དོན་དངོས་སུ་གྱུར་མི་སྲིད། ཨ་རིའི་བྱེད་སྤྱོད་དེས་རང་ངོས་ཀྱི་མཚན་སྙན་ལ་སླར་ཡང་གནོད་འཚེ་ཚབས་ཆེན་བཟོ་སྲིད་པ་མ་ཟད་གནད་དོན་ཐག་གཅོད་བྱེད་པར་ཡང་ཕན་ཐོགས་གཏན་ནས་མེད།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱི་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་རྩོད་གཞིའི་གནད་དོན་ཐད་ཀྱི་ལངས་ཕྱོགས་དང་རྣམ་འགྱུར་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ལ་ཁ་གསལ་ཞིག་ཡིན། ཐོག་མ་ཉིད་ནས་ཀྲུང་གོ་ཕྱོགས་ཀྱིས“འཁྲུག་རྩོད་རྒྱག་འདོད་མེད་ལ་འཁྲུག་རྩོད་རྒྱག་པར་ཡང་མི་སྐྲག་པའི”ལངས་ཕྱོགས་བརྟན་པོ་གསལ་བཤད་བྱས་ཡོད། ཨ་རི་ཕྱོགས་ཀྱིས་དབྱུག་པ་མཐོན་པོར་བཏེགས་ཏེ་སྙད་འཚོལ་འཇིགས་སྐུལ་བཙན་ཤེད་དང་། ངན་ཤེད་སྒལ་རལ། འགྱུར་ལྡོག་མང་བ། ཁ་གཅིག་ལྕེ་གཉིས། ཁ་དན་ཚིག་ལ་མ་གནས་པ་བཅས་བྱས་པ་དེ་ནི་གནས་ཚུལ་ཚབས་ཆེར་འགྲོ་བའི་ཐད་ཀར་དང་རྩ་བའི་རྒྱུ་རྐྱེན་རེད། ཨ་རི་ཕྱོགས་ཀྱིས་ད་ཆ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་དུས་རབས་21པ་ཡིན་པ་དང་ད་ཐེངས་ཁོང་ཚོས་ཁ་གཏད་གཅོག་རྒྱུ་དེ་ཀྲུང་གོ་ཡིན་པ་རིག་པ་དྭངས་གསལ་ངང་ངོས་འཛིན་ཐུབ་དགོས། “ཨ་རི་ཕྱོགས་ཀྱི་མི་ལ་ལས་ད་དུང་དུས་རབས་17པའི་སྐབས་ཀྱི་ཐང་ཅི་ཁེ་ཏེ་ལྟར་བྱ་རྒྱུར་དབྱིངས་ཞུཌ་ནས་སྡོད་མི་རུང”ཞེས་བརྗོད་པ་རེད།
         ཧྭ་ཁྲུན་ཡིང་གིས“ང་ཚོར་རང་ངོས་ཀྱི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོང་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་སྒྲིག་སྲོལ་དང་ཕྱོགས་མང་གི་ཚོང་དོན་མ་ལག་ལ་སྲུང་སྐྱོང་བྱེད་པའི་ཡིད་ཆེས་དང་། གདེང་ཚོད། ཆ་རྐྱེན་བཅས་ཡོད་པ་མ་ཟད་ནུས་པའང་འདང་ངེས་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།