འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དྭངས་གཙང་ནུས་རྒྱུའི་གློག་གཏོང་གི་ཟིན་ཐོ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་དབྱར་ཁར“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་གྲགས་པའི་མཚོ་སྔོན་ཞིང་ཆེན་གྱིས“ལྗང་མདོག་གློག”གཏོང་སྟངས་སླར་ཡང་སྤྱད་དེ་ཉིན་དགུ་བསྟུད་མར་དྭངས་གཙང་ནུས་རྒྱུའི་གློག་བཏང་བ་རེད། “ལྗང་མདོག་གློག་གཏོང་ཉིན་7”ནས“ལྗང་མདོག་གློག་གཏོང་ཉིན་9”ཡི་བར“གཙང་གསུམ་ཆུ་འགོས”་གསོན་ཉམས་དོད་པའི་ལག་ལེན་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དར་སྤེལ་བཏང་བ་དང་ཆབས་ཅིག་མི་རྣམས་ལ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་འགྱུར་རྡོའི་ནུས་རྒྱུར་ཞེན་ཆགས་བྱེད་ཤུགས་ཆུང་དུ་གཏོང་བ་དང་དྭངས་གཙང་ནུས་རྒྱུ་ཁྱབ་གདལ་བེད་སྤྱོད་ཀྱི་མདུན་ལམ་ཡང་པོ་ཞིག་བསྟན་ཡོད་པ་རེད།
         ཆུ་དང་། འོད། རླུང་གསུམ་ལ་བརྟེན་ནས་ཆུ་ཚོད་216བསྟུད་མར་ལྗང་མདོག་གློག་བཏང་བ།
         2017ལོར་ཉིན་བདུན་བསྟུད་མར་དྭངས་གཙང་ནུས་རྒྱུའི་གློག་བཏང་རྗེས། ཟླ་6ཚེས་20ཉིན་ནས་ཟླ་6ཚེས་29ཉིན་བར་མཚོ་སྔོན་ཞིང་ཆེན་གྱིས་ཉིན་དགུ་སྟེ་ཆུ་ཚོད་216བསྟུད་མར་དྭངས་གཙང་ནུས་རྒྱུའི་གློག་བཏང་ཞིང་། གློག་ཚང་མ་ཆུ་དང་། ཉི་ནུས། དེ་བཞིན་རླུང་ནུས་བཅས་ལས་བཏང་བའི་དྭངས་གཙང་ནུས་རྒྱུ་ཤ་སྟག་རེད།
         “‘ལྗང་མདོག་གློག་གཏོང་ཉིན་9’དང་ལེན་གྱིས་མེ་ཤུགས་གློག་གཏོང་འཕྲུལ་ཚན་ནས་གློག་གཏོང་མཚམས་བཞག་པ་དང་། མེ་ཤུགས་གློག་གཏོང་ཁེ་ལས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད”ཅེས་ཟི་ལིང་བྱང་ཕྱོགས་གློག་གཏོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཏིང་མིང་གིས་བཤད་བྱུང་།
         ངོ་སྤྲོད་བྱས་པར་གཞིགས་ན། “ལྗང་མདོག་གློག་གཏོང་ཉིན་9”ཡི་རིང་མཚོ་སྔོན་ཞིང་ཆེན་གྱི་མེ་ཤུགས་གློག་གཏོང་འཕྲུལ་ཚན་བརྒྱད་ནས་གློག་དྲའི་བདེ་འཇགས་འགན་ལེན་བྱ་ཆེད་འཕྲུལ་ཚན་གཉིས་ནས་སྔར་བཞིན་གློག་བཏང་བ་ཕུད། དེ་བྱིངས་ཚང་མ་སྤྱོད་མཚམས་བཞག་སྟེ་དྭངས་གཙང་ནུས་རྒྱུའི་གློག་གཏོང་རྒྱུར་སྟབས་བདེ་བསྐྲུན་ཡོད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་བཀོད་གཏོང་ཚོད་འཛིན་ལྟེ་གནས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། “ལྗང་མདོག་གློག་གཏོང་ཉིན་9”ཡི་རིང་། མཚོ་སྔོན་གློག་དྲའི་གློག་སྤྱོད་ཐེག་ཚད་ཆེ་ཤོས་ཆན་ཝ་ཁྲི་853.8ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་17.6ཟིན་པ། དྭངས་གཙང་ནུས་རྒྱུའི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་20.31ཟིན་གྱི་ཡོད། དེའི་ཁྲོད་ཆུ་ཤུགས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་16.12དང་། འོད་ཤུགས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་3.23 རླུང་ཤུགས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་0.96བཅས་ཟིན་ཡོད།
         “ནུས་རྒྱུ་གསར་པའི་གློག་གཏོང་ཚད་དེས་གློག་སྤྱོད་བསྡོམས་འབོར་གྱི་23.8%བཟུང་ནས་བསྡུར་ཚད་མཐོ་པོས་གློག་གཏོང་ཐུབ་ཡོད། དྭངས་གཙང་ནུས་རྒྱུས་ཞིང་ཆེན་ནང་ཁུལ་གྱི་གློག་སྤྱོད་དགོས་མཁོ་བསྐངས་པ་ཕུད། ད་དུང་ཞིང་ཆེན་ཕྱིར་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་2.71བཏང་ཡོད”“ལྗང་མདོག་གློག་གཏོང་ཉིན་7”དང་བསྡུར་ཚེ། “ལྗང་མདོག་གློག་གཏོང་ཉིན་9”ཡི་རིང་དྭངས་གཙང་ནུས་རྒྱུ་སྐྱོན་བྲལ་དང་ནུས་ཆེའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་བེད་སྤྱོད་གང་ཐུབ་ཅི་ཐུབ་བྱེད་པར་སྐུལ་འདེད་གཏོང་བར་ཚད་བརྒལ་གསར་པ་བྱུང་ཡོད”ཅེས་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཆི་ཐའེ་ཡོན་གྱིས་བཤད་བྱུང་།
         ལག་རྩལ་གསར་གཏོད་དང་ལམ་སྲོལ་གསར་གཏོད་ཀྱིས་ནུས་རྒྱུ་གསར་པ་བེད་སྤྱོད་ཤུགས་ཆེན་ཐུབ་རྒྱུར་སྐུལ་འདེད་བཏང་བ།
         “‘ལྗང་མདོག་གློག་གཏོང་ཉིན་7’ནས‘ལྗང་མདོག་གློག་གཏོང་ཉིན་9’ཡི་བར་མཚོ་སྔོན་གྱིས་བསྟུད་མར་དུས་ཡུན་རིང་པོར་དྭངས་གཙང་ནུས་རྒྱུའི་གློག་བཏང་བ་དེ་གློག་ཤུགས་ནུས་རྒྱུའི་གྲུབ་ཆ་ལེགས་པོར་བརྟེན་ནས་བྱུང་བ་ཞིག་རེད”ཅེས་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་བཀོད་གཏོང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཧུང་ཕིང་གིས་བཤད་བྱུང་།
         རླུང་ཤུགས་དང་ཉི་འོད་སྐབས་རེ་ཡོད་ལ་སྐབས་རེ་མེད་པ་དང་། སྐབས་རེ་ཆེ་ལ་སྐབས་རེ་ཆུང་བས་གློག་བརྟན་པོ་ཡོང་ཐབས་བྲལ། དེས་ན་དྭངས་གཙང་ནུས་རྒྱུ་ཁོ་ན་སྤྱད་ནས་གློག་བཏང་སྟེ“ཆུ་དང་། མེ། རླུང་། འོད”བཅས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན།
         “ལྗང་མདོག་གློག་གཏོང་ཉིན་9”ཡི་རིང་དྭངས་གཙང་ནུས་རྒྱུར་བརྟེན་ནས་རིམ་རྩིས་བྱས་ན་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་17.6བཏང་བ་དེ་རྡོ་སོལ་སྤྱོད་ཚད་ཏུན་ཁྲི་80ཉུང་དུ་ཕྱིན་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་144ཉུང་ཕྱིན་པ་དང་མཚུངས།
         “ལྗང་མདོག་གློག་གཏོང”ནི་གོམ་ཆུང་ཞིག་དང་ནུས་རྒྱུ་ཕྱོགས་སྒྱུར་ནི་གོམ་ཆེན་ཞིག་ཡིན་པ།
         “མཚོ་སྔོན་གློག་དྲའི་དྭངས་གཙང་ནུས་རྒྱུ་བཟུང་ཚད་80%ལས་བརྒལ་བར་བརྟེན། ང་ཚོའི་ཀུང་སིའི་ནུས་རྒྱུ་ཟད་གྲོན་གྱི་ཚོད་འཛིན་ཚད་གཞི་ཁག་རྒྱལ་ཁབ་ཀྱི་ཆུ་ཚད་ལས་བརྒལ་བ་དང་། ཐོན་རྫས་ལ་ཁྲོམ་རའི་དགའ་བསུ་ཐོབ་པ་མ་ཟད། ད་དུང་ཉོ་སྒྲུབ་ཚོང་པ་ཁག་གཅིག་གིས་རྒྱུ་མཚན་དེར་བརྟེན་ནས་གོང་ཚད་སྤར་ནས་ཉོ་སྒྲུབ་བྱ་རྒྱུའི་འདུན་པ་འཆང་ཚུལ་ཡང་ཤོད་ཀྱི་འདུག”ཅེས་གློག་སྤྱོད་ཚན་པ་ཆེ་གྲས་ཀྲུང་གོ་ཧ་ཡང་ལས་རིགས་མཚོ་སྔོན་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ཤིང་ཀྲན་ཞུང་གིས་བཤད་བྱུང་།
         གློག་བརྟེན་ཧ་ཡང་དབྱེ་འབྱེད་ཚན་པ་ནི་དུས་ཡུན་རིང་པོའི་ནང་ནུས་རྒྱུ་ཟད་གྲོན་ཆེ་བའི་གློག་ཤུགས་འཛད་སྤྱོད་ཚན་པ་ཆེ་གྲས་ཤིག་རེད། “ཉིན་དགུ་པོ་དེའི་རིང་ང་ཚོས་ཐོན་སྐྱེད་བྱས་པ་ནི‘ལྗང་མདོག་གློག’གི་ཧ་ཡང་ཡིན་ཞེས་བརྗོད་ཆོག”
         ངོ་སྤྲོད་བྱས་པར་གཞིགས་ན་ཀྲུང་གོ་ཧ་ཡང་ལས་རིགས་མཚོ་སྔོན་ཡན་ལག་ཀུང་སི་གཅིག་ཁོ་ནས“ལྗང་མདོག་གློག་གཏོང་ཉིན་9”ཡི་རིང་མེ་ཤུགས་གློག་ཆན་ཝ་ཆུ་ཚོད་ཁྲི་5700ཙམ་བེད་སྤྱོད་བྱས་མེད་པ་དེ་ཚད་ལྡན་རྡོ་སོལ་བེད་སྤྱོད་བྱེད་ཚད་ཏུན་7000ཉུང་དུ་དང་དབྱང་གཉིས་ཐཱན་འགྱུར་འབུད་གཏོང་བྱེད་ཚད་ཏུན་5700ཉུང་དུ་ཕྱིན་པ་དང་མཚུངས།
         མཚོ་སྔོན་ཞིང་ཆེན་གྱིས་2030ལོར་སླེབས་སྐབས་100%ཡི་བསྐྱར་དུ་བེད་སྤྱོད་ཐུབ་པའི་ནུས་རྒྱུའི་ཞིང་ཆེན་རིམ་པའི་གློག་ཤུགས་མ་ལག་བསྐྲུན་ནས་ཉིན་365ཚང་མར་དྭངས་གཙང་ནུས་རྒྱུའི་གློག་གཏོང་ཐུབ་པ་བྱེད་རྩིས་ཡོད་པ་རེད།
         ནུབ་བྱང་གློག་ཤུགས་ཇུས་འགོདཚད་ཡོད་ཀུང་སིའི་མཐོ་རིམ་ལག་རྩལ་ཆེ་མོ་བཤེ་ཡུང་ཕིང་གིས། དྭངས་གཙང་ནུས་རྒྱུ་ཆན་ཝ་ཆུ་ཚོད་གཅིག་བེད་སྤྱོད་ཐོལ་པ་བཏང་ན། ཚད་ལྡན་རྡོ་སོལ་བེད་སྤྱོད་གཏོང་ཚད་ཁེ་420ཉུང་དུ་དང་དབྱང་གཉིས་ཐཱན་འགྱུར་འབུད་གཏོང་བྱེད་ཚད་ཁེ་1000ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད། དེས་ན“ལྗང་མདོག་གློག་གཏོང་ཉིན་7”དང་“ལྗང་མདོག་གློག་གཏོང་ཉིན་9”ལ་མཚོན་བྱེད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།