འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱིས་ཐེ་ཀྲུང་འབྲེལ་བའི་འཕེལ་རྒྱས་ཐད་གོ་སྐབས་
    གསར་པ་མཁོ་འདོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་བཙུགས་ནས་དུས་ཐུང་ལོ་གཉིས་ལྷག་ཙམ་ནང་ཐོབ་པའི་གྲུབ་འབྲས་ལས་གཙང་པོ་རྒྱུག་ཁུལ་རྒྱལ་ཁབ་ལ་ཐུན་མོང་ཐོག་ཕན་པ་ཐོབ་ཡོད་པ་རེད། ཐེ་ལན་གྱི་དཔོན་རིགས་ཀྱིས་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱིས་དུས་སྐབས་གསར་པའི་ཐེ་ཀྲུང་འབྲེལ་བ་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།
         ཐེ་ལན་ཕྱི་འབྲེལ་པུའི་གསར་འགྱུར་སིའི་སི་ཀྲང་པུའུ་ས་ཏི་ཡིས་ཉེ་དུས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཀྲུང་གོ་ནི་ཐེ་ལན་གྱི་སྲོལ་རྒྱུན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཤིག་རེད། རྒྱལ་ཁབ་གཉིས་པོའི་དབར་རི་ཆུ་འདྲེས་པ་དང་རིག་གནས་ཀྱི་གོམས་སྲོལ་འདྲ་པོ་ཡོད། ཀྲུང་གོའི་ཆབ་སྲིད་བརྟན་ལྷིང་དང་སྤྱི་ཚོགས་བདེ་འཇགས་ཡོད་པས་སླད་ཕྱིན་ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲིད་ཇུས་སྦྲེལ་མཐུད་དང་། ཡུལ་སྐོར་མཉམ་ལས། དེང་རབས་ལག་རྩལ་སྤྱོད་པ་བཅས་དང་དེ་བཞིན་ཆུའི་ཐོན་ཁུངས་དོ་དམ་དང་རིག་ནུས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
        དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་ཆེད། ཐེ་ལན་གྱིས་2012ལོར་རྫ་ཆུ་དང་མེ་ཀུང་གཙང་པོའི་ས་ཁོངས་ཕལ་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་འདོན་པར་ཀྲུང་གོ་ཕྱོགས་ཀྱིས་བརྡ་ལན་ཧུར་ཐག་ཞུས་ཡོད། 2016ལོའི་ཟླ་3ཚེས་23ཉིན་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐོག་མ་དེ་ཧའེ་ནན་སན་ཡ་རུ་འཚོགས་ཏེ་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་དངོས་སུ་བཙུགས་ཡོད་པ་རེད། དེས་ན་ཀྲུང་ཐེ་རྒྱལ་ཁབ་གཉིས་པོས་རྫ་ཆུ་དང་མེ་ཀུང་གཙང་པོའི་ས་ཁོངས་ཕལ་པའི་མཉམ་ལས་ཀྱི་ཐུན་མོང་གི་རེ་འདུན་གཅིག་མཐུན་ཡོང་རྒྱུར་ཤུགས་སྣོན་བརྒྱབ་པས་ཀྲུང་ཐེའི་འབྲེལ་བ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆགས་ཡོད་པ་རེད།
         པུའུ་ས་ཏི་ཡིས་དམ་པ་དོན་གཉེར་གྱི་བྱེད་ཐབས་དེ་རིགས་ནི་ཐེ་ཀྲུང་ཕྱོགས་གཉིས་པོར་ཡོད་པའི་རྫ་ཆུ་དང་མེ་ཀུང་གཙང་པོའི་ས་ཁོངས་ཕལ་པའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འདུན་པ་དྲག་པོ་ལས་བྱུང་བ་ཞིག་རེད། དེས་ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་དང་ཐེ་ལན་གྱི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་སྦྲེལ་མཐུད་དེ་བས་ལེགས་པ་ཡོང་རྒྱུར་ཡང་ཕན་པ་ཡོད། མིག་སྔར་ཐེ་ཀྲུང་རྒྱལ་ཁབ་གཉིས་པོས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་རྨང་གཞིའི་སྒྲིག་བཀོད་སོགས་འཛུགས་སྐྲུན་རྣམ་གྲངས་ཐད་མཉམ་ལས་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
         ཉེ་དུས། རྫ་ཆུའི(མེ་ཀུང་གཙང་པོ)ཆུ་འགོ་ཡིན་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་ཐེ་ལན་གཉིས་དབར་ཡང་ཆུ་བོ་དང་གཙང་པོ་དེ་གཉིས་ལས་འབྲེལ་བ་ཆགས་ནས་ལོ་ལྟར་ཡུལ་ཤུལ་ཀྲོའུ་ཡིས་རྟ་རྒྱུག་དུས་ཆེན་སོགས་རྟེན་འབྲེལ་བྱེ་སྒོ་སྤྱད་དེ་རྫ་ཆུའི་སྨད་རྒྱུད་རྒྱལ་ཁབ་ཀྱི་སློབ་མ་ཡུལ་ཤུལ་དུ་ས་གནས་དེ་གའི་རིག་གནས་ཉམས་སུ་མྱོང་བར་ཡོང་རྒྱུའི་གདན་ཞུ་བྱེད་པ་དང་སྦྲགས་སློབ་མ་སྒྲིག་འཛུགས་བྱས་ནས་རྫ་ཆུའི(མེ་ཀུང་གཙང་པོ)ཆུ་འགོར་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་ཏེ་སློབ་མ་ཚོས་ས་ཆ་དངོས་ནས་ཀྲུང་གོ་སྲིད་གཞུང་དང་དམངས་ཁྲོད་ཀྱིས་ཆུ་འགོ་སྲུང་སྐྱོང་བྱེད་པའི་ཐད་འབད་བརྩོན་བྱས་པ་ཚོར་ཐུབ་པ་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།