འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥན་ཅིན་རི་བོ་རང་བྱུང་ཤུལ་བཞག་ནང་རེ་ཞུ་ཐུབ་པ་ལས་ཀྲུང་གོའི་སྣོད་བཅུད་ཤེས་
    དཔལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། པ་རེན་གྱི་རྒྱལ་ས་མེ་ན་མེ་རུ་འཚོགས་པའི་སྐབས་42པའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་ཐོག་ མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གིས་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་གྱི་ཧྥན་ཅིན་རི་བོ་འཛམ་གླིང་གི་ཤུལ་བཞག་མིང་གཞུང་ནང་འཇུག་རྒྱུར་གྲོས་ཞིབ་བྱས་པ་དང་གྲོས་འཆམ་བྱུང་བ་རེད། དེའི་ཐོག་ནས་འཛམ་གླིང་གི་རང་བྱུང་ཤུལ་བཞག་བསྡོམས་འབོར་ནང་ཀྲུང་གོས་བཟུང་བའི་བསྡུར་ཚད་13ཟིན་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད།
         འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་རང་བྱུང་ཤུལ་བཞག་དཔྱད་དཔོག་སྒྲིག་གཞི་འཛམ་གླིང་རང་བྱུང་སྲུང་སྐྱོང་གནའ་འབྲེལ་(IUCN)གྱིས་གདེང་འཇོག་བྱས་པར་གཞིགས་ན། ཧྥན་ཅིན་རི་བོ་དེ་འཛམ་གླིང་གི་རང་བྱུང་ཤུལ་བཞག་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱི་ཚད་གཞི་དང་ཆ་ཚང་རང་བཞིན་གྱི་བླང་བྱ་དང་ཡོངས་སུ་མཐུན་ཡོད་ལ། ཨེ་ཤེ་ཡ་དབུས་མའི་ཚ་རྒྱུད་ཀྱི་ཁེར་ཆགས་གླིང་ཕྲན་རི་བོ་ཆེན་པོའི་སྣོད་བཅུད་མ་ལག་དང་མངོན་གསལ་དོད་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་མཚོན་པ་དང་འབྲེལ་ཉར་ཚགས་ཐུབ་ཡོད།
         ཧྥན་ཅིན་རི་བོ་ད་ཐེངས་ཤུལ་བཞག་ནང་རེ་ཞུ་ལེགས་གྲུབ་བྱུང་བ་དེ་ཐོག་ནས། “རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ་མཚོན་ཡོད་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་རང་རྒྱལ་གྱི་ཆོད་སེམས་བརྟན་པོ་ཡིན་པ་འཛམ་གླིང་ལ་ངོ་སྤྲོད་བྱས་ཡོད་ལ། མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་བཟང་པོ་འཛམ་གླིང་ཡོངས་ལ་མངོན་པར་ཡང་བྱས་ཡོད”ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྲུང་གོའི་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཆིན་ཁྲང་ཝེ་ཡིས་དགའ་ཚོར་ཆེན་པོའི་སྒོ་ནས་དེ་ལྟར་བརྗོད།
         “ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་དབུལ་སྐྱོར་གནས་སྤོ་གཉིས་ཟུང་འབྲེལ་བྱས་པ་མ་ཟད། ཚང་མ་རང་མོས་ཀྱི་རྨང་གཞིའི་ཐོག་ལག་ལེན་བསྟར་བ་ཞིག་ཡིན། ཧྥང་ཅིན་རི་བོ་དེའི་ནང་ཚུད་པ་ནི་འཛམ་གླིང་སྐྱེ་བོ་ཀུན་ལ་རང་རྒྱལ་གྱི་དབུལ་སྐྱོར་གྲུབ་འབྲས་གལ་ཆེན་དྲིལ་བསྒྲགས་བྱས་པ་ཞིག་རེད། དེ་ཐོག་ནས་ཀྲུང་གོའི་གནས་ཚུལ་དངོས་བརྒྱུད་སྤེལ་བྱ་རྒྱུར་ཕན་པ་ཡོད་ལ་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་བཟང་པོའང་བཏོད་ཡོད”ཅེས་ཆིན་ཁྲང་ཝེས་ས་གནས་སྲིད་གཞུང་གིས་ཤུལ་བཞག་རེ་ཞུའི་ཐད་ལས་ཀ་འབོར་ཆེན་བསྒྲུབས་པར་ཁས་ལེན་གང་ལེགས་བྱས་ཡོད།
         ཧྥན་ཅིན་རི་བོའི་ཤུལ་བཞག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་402.75ཟིན་པ་དང་། བར་ཆོད་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་372.39ཟིན་ཡོད། དེའི་སྣོད་བཅུད་མ་ལག་ཁྲོད་གནའ་བོའི་རྗེས་ཤུལ་དང་། རྩ་ཆེ་ལ་སྟོངས་ལ་ཉེ་བ་དང་དམིགས་བསལ་དུ་ཡོད་པའི་སྐྱེ་དངོས་རིགས་འབོར་ཆེན་ཞིག་ཉར་ཚགས་ཐུབ་ཡོད་པའི་ནང་རྩི་ཤིང་རིགས་4395དང་སྲོག་ཆགས་རིགས་2767ཡོད་པས་དེ་ནི་ཤར་ཕྱོགས་ཀྱི་ལོ་མ་ལྷུང་བའི་ནགས་ཤིང་སྐྱེ་དངོས་ས་ཁོངས་ཁྲོད་རྩི་ཤིང་དང་སྲོག་ཆགས་རིགས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁོངས་གལ་ཆེན་གྲས་ཤིག་ཡིན་པ་རེད། དེ་ཉིད་ལེགས་གྲུབ་ལྡན་པའི་ངང་ཤུལ་བཞག་རེ་ཞུ་ཐུབ་རྗེས་སྐད་གྲགས་ཆོད་སྲིད་པས། རྗེས་མཐུད་ཀྱི་གསར་སྤེལ་བེད་སྤྱོད་དང་རང་བྱུང་སྲུང་སྐྱོང་དབར་དོ་མཉམ་ཡོང་བའི་གནད་དོན་གང་འདྲ་བྱས་ནས་ཐག་གཅོད་བྱ་རྒྱུ་ནི་ས་གནས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ཅིག་ཡིན་པ་རེད།
         “ཧྥན་ཅིན་རི་བོ་གྲུབ་འབྲས་ཐོན་པའི་ངང་ཤུལ་བཞག་རེ་ཞུ་ཐུབ་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧྥན་ཅིན་རི་བོར་རང་བྱུང་ཤུལ་བཞག་གི་རིན་ཐང་ལྡན་པ་དང་དེའི་སྲུང་སྐྱོང་དོ་དམ་ལས་དོན་ལ་ཁས་ལེན་བྱས་པ་ཞིག་རེད”ཅེས་ཀུའེ་ཀྲོའུ་ཞིང་ཆེན་ཤུལ་བཞག་རེ་ཞུ་ལས་དོན་ཚོགས་པའི་ཚོགས་གཙོ་དང་། ཀུའེ་ཀྲོའུ་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་སུང་ཞའོ་ལུའུ་ཡིས་བརྗོད། ཁོང་གིས“སླད་ཕྱིན། ང་ཚོས་འཛམ་གླིང་ཤུལ་བཞག་ཨུ་ལྷན་གྱི་གྲོས་ཆོད་དང་《འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་གི་སྤྱི་ཆིངས་》ཀྱི་བླང་བྱར་ནན་པོར་གཞིགས་ནས་སྲུང་སྐྱོང་དོ་དམ་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤུལ་བཞག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་སྲུང་སྐྱོང་དོ་དམ་ཡག་པོ་བྱས་ཏེ་ང་ཚོས་གནས་འདིར་འཛམ་གླིང་རང་བྱུང་ཤུལ་བཞག་ཐོན་ཁུངས་ལ་ཡིད་དབང་འཕྲོག་ཤུགས་ལྡན་པ་དང་ནམ་ཡང་རྒྱུན་འཛིན་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།