འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཕན་ཚུན་མཛའ་གྲོགས་རི་བོའི་སྤོ་ལས་མཐོ།

    —— ཀྲུང་ཕ་མཉམ་འབྲེལ་རི་འཛེག་མྱུལ་དཔྱད་ཀྱི་འདས་དོན་ཐོར་བུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་14ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོ་ནི་ཀྲུང་གོའི་བོད་ལྗོངས་རི་འཛེག་རུ་ཁག་གིས་མཐོ་ཚད་སྨི་8000ཡན་ཟིན་པའི་འཛམ་གླིང་གི་རི་བོ་མཐོ་གྲས་14ལེགས་གྲུབ་ལྡན་པའི་ངང་འཛེགས་ནས་ལོ་11འཁོར་བའི་ལོ་ཞིག་རེད། ཚེས་12ཉིན། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་རི་འཛེག་མཁས་པས་ལྷ་སར་མཉམ་དུ་མཉམ་འབྲེལ་རི་འཛེག་ལ་དྲན་གསོ་ཞུས་པ་རེད། བྱ་སྤྱོད་དེའི་ནང་དངོས་སུ་ཞུགས་མྱོང་བའི་རྒྱལ་ཁབ་གཉིས་པོའི་རི་འཛེག་མཁས་པས་དེའི་རིང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་ཏེ་ཡང་རྩེ་ལས་ལྷག་པའི་མཛའ་གྲོགས་སྐོར་གླེང་བ་རེད།
           འཛམ་གླིང་གི་རི་བོ་མཐོ་པོ་བཅུ་གསུམ་པ་མཐོ་ཚད་ལ་སྨི་8034ཟིན་པའི་ཅ་ཧྲུའུ་པུའུ་ལུའུ་མུའུ་རི་བོ་གཉིས་པ་ནི་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ཁ་ར་ཁུ་རུམ་རི་རྒྱུད་ཀྱི་ལྟེ་བར་གནས་ཡོད་ཅིང་། སྦལ་ཏི་བའི་སྐད་དུ“མཛེས་སྡུག་ཡིད་དུ་འོང་བའི”དོན་ཡིན། 1995ལོར་མཐོ་ཚད་ལ་སྨི་8000ཟིན་པའི་རི་བོ་མཐོ་པོ་4འཛེགས་མྱོང་བའི་ཀྲུང་གོའི་བོད་ལྗོངས་རི་འཛེག་མྱུལ་དཔྱད་རུ་ཁག་གིས་ཕ་ཁི་སི་ཐན་གྱི་རི་འཛེག་མཁས་པ་དང་མཉམ་དུ་རི་བོ་དེར་ཐེངས་དང་པོ་འཛེགས་པ་རེད།
          སྐབས་དེ་དུས་བོད་ལྗོངས་རི་འཛེག་མྱུལ་དཔྱད་རུ་ཁག་གི་རུ་དཔོན་ཡིན་པའི་བསམ་གྲུབ་ཀྱིས་དེ་དུས་བོད་ལྗོངས་རི་འཛེག་མྱུལ་དཔྱད་རུ་ཁག་ཕ་ཁི་སི་ཐན་དུ་རི་འཛེག་ལས་འགན་སྒྲུབ་པར་བསྐྱོད་ཐེངས་དང་པོ་ཡིན་པས་དེར་ཡོད་པའི་ཕྱི་རྒྱལ་གྱི་རུ་མི་གཞན་རྣམས་ཧང་སངས་སོང་། གང་ལགས་ཤེ་ན་དེ་དུས་ཁོང་ཚོས་རི་འཛེག་བྱེད་སྒོ་ལོ་བཅུ་ཕྲག་ཁ་ཤས་སྤེལ་རིང་ཕ་ཁི་སི་ཐན་གྱི་རི་རྒྱུད་དུ་ཀྲུང་གོའི་རྒྱལ་དར་མཐོང་ཐེངས་དང་པོ་ཡིན་པས་རེད་ཅེས་བཤད།
         ཕ་ཁི་སི་ཐན་ཕྱོགས་ཀྱིས་བོད་ལྗོངས་རི་འཛེག་མྱུལ་དཔྱད་རུ་ཁག་ལ་ད་སྐུལ་དམག་དཔོན་ཞིག་འབྲེལ་གཏུག་དཔོན་བྱེད་པར་མངགས་པ་མ་ཟད་ད་དུང་སྣེ་ཤན་པ་1དང་། ཡུལ་དེ་གའི་རི་མཐོའི་མཉམ་ལས་རུ་མི་3 མ་བྱན་3བཅས་བཏང་བ་རེད། ཕ་ཁི་སི་ཐན་སྲིད་གཞུང་དང་ཕ་ཁི་སི་ཐན་ཕྱོགས་ཀྱི་རི་འཛེག་ལས་རིགས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་བོད་ལྗོངས་རི་འཛེག་མྱུལ་དཔྱད་རུ་ཁག་གིས་ཅ་ཧྲུའུ་པུའུ་ལུའུ་མུའུ་རི་བོ་གཉིས་པར་ལེགས་གྲུབ་ལྡན་པའི་ངང་འཛེག་པ་རེད། བསམ་གྲུབ་ཀྱིས“དེ་དུས་རི་འཛེགས་པ་བརྒྱུད་ང་ཚོས་ཁ་ར་ཁུ་རུམ་རི་རྒྱུད་ལ་རྒྱུས་མངའ་ལོན་སོང”ཞེས་བཤད།
          དུས་དེ་ནས་བཟུང་། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་རི་འཛེག་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། 1997ལོར་ཀྲུང་ཕ་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རི་འཛེག་རུ་ཁག་ཐོག་མར་བཙུགས་ནས་འཛམ་གླིང་གི་རི་བོ་མཐོ་པོ་དགུ་པ་སྟེ། (མཐོ་ཚད་སྨི་8125ཟིན་པའི)གནམ་ལྕགས་འབལ་འབོལ་ཐེའི་ལ་རྩེར་ལེགས་གྲུབ་ལྡན་པའི་ངང་འཛེགས་པ་རེད།
          དེའི་རྗེས་ཀྱི་ལོ་20ཡི་རིང་། ཀྲུང་ཕ་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རི་འཛེག་བྱེད་སྒོ་ཐེངས་10ཙམ་གཉེར་ཞིང་། རྒྱལ་ཁབ་གཉིས་པོའི་རྒྱལ་དར་རི་བོ་མཐོ་པོ་མང་པོའི་རྩེ་མོར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
           2001ལོ་ནི་ཀྲུང་ཕ་རྒྱལ་ཁབ་གཉིས་ཀར་དྲན་གསོའི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ལོ་ཞིག་རེད། ལོ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་80འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་ཕའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་50འཁོར་བའི་ལོ་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱི་རི་འཛེག་རུ་དཔོན་ཚེ་རིང་རྡོ་རྗེས་ཀྲུང་ཕའི་རི་འཛེག་རུ་མི་ཚང་མས་སེམས་ཤུགས་ཆེན་པོས“དམིགས་བསལ་གྱི་ཉིན་མོ་དེར་ངེས་པར་དུ་པུའུ་ལོ་ཨ་ཐེ་རི་བོར་འཛེག་དགོས”ཞེས་ཤོད་ཀྱི་འདུག་ཅེས་བཤད།
         རུ་མར་ཐེ·ཝུའུ་ལ་ཡིས་རྒྱལ་ཁབ་གཉིས་པོའི་རི་འཛེག་རུ་མིས་ལ་རྩེར་རྒྱལ་ཁབ་གཉིས་པོའི་རྒྱལ་དར་སྒྲེང་བ་མ་ཟད་བཀྲ་ཤིས་མཚོན་བྱེད་ཀྱི་རླུང་དར་བཀལ་ནས་དགའ་དགའ་སྤྲོ་སྤྲོའི་ངང་པར་རྒྱག་རེས་བྱས་ཤིང་། “ཀྲུང་གོའི་གྲོགས་པོས་ང་ལ་པར་མང་པོ་བརྒྱབ་བྱུང”ཞེས་བཤད།
          ལོ་དེར་ཕྱི་རྒྱལ་གྱི་རི་འཛེག་རུ་ཁག་ཅིག་གིས་ཀྲུང་ཕའི་མཉམ་འབྲེལ་རི་འཛེག་རུ་ཁག་གི་ལ་རྩེར་འཛེགས་པའི་བྱ་སྤྱོད་ལ་དོགས་གཞི་བཏོན་པར་དམིགས་ནས་ཕ་ཁི་སི་ཐན་རི་མཐོའི་སྐྱིད་སྡུག་གི་ཀྲུའུ་ཞི་ཨ་པུའུ·ཀྲ་ཧྥར·ས་ཏི་ཁ་ཡིས་པུའུ་ལོ་ཨ་ཐེ་རི་བོ་ནི་རྩེ་མོ་ཁོད་སྙོམས་པའི་རི་བོ་ཞིག་ཡིན་པས་ལམ་ཐིག་ག་ནས་བསྐྱོད་ཀྱང་རྩོད་པ་རྒྱག་དགོས་དོན་མེད། ཕ་ཁི་སི་ཐན་ཕྱོགས་ཀྱི་རི་འཛེག་ལས་རིགས་ཀྱིས་རི་འཛེག་ལམ་ཐིག་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པ་དང་མཉམ་འབྲེལ་རི་འཛེག་རུ་ཁག་ཕ་ཁི་སི་ཐན་ཕྱོགས་ཀྱི་རུ་མི་ཁུའར་པན་ལ་རྩེར་འཛེག་ཐེངས་གཉིས་པ་ཡིན་པས། མཉམ་འབྲེལ་རི་འཛེག་རུ་ཁག་ལ་ལ་རྩེར་འཛེག་སྐབས་ཀྱི་བརྙན་ཐུང་དང་པར་རིས་ཀྱི་དཔྱད་གཞི་ཆ་ཚང་བསྟན་ཡོད། ལ་རྩེར་འཛེག་པའི་གྲུབ་འབྲས་ལ་ཕ་ཁི་སི་ཐན་སྲིད་གཞུང་དང་རི་མཐོའི་སྐྱིད་སྡུག་གི་ཁས་ལེན་རྦད་དེ་ཐོབ་པས་མི་ཁག་གཅིག་གི་དོགས་གཞི་ནི་ཁུངས་ལུང་མེད་པ་ཞིག་རང་རེད་ཅེས་བཤད།
         “ང་ཚོའི་མཛའ་གྲོགས་རི་བོ་ཧི་མ་ལ་ཡ་ལས་ཀྱང་མཐོ་ལ་རྒྱ་མཚོ་ལས་ཀྱང་ཟབ”ཅེས་ཨ་པུའུ·ཀྲ་ཧྥར·ས་ཏི་ཁ་ཡིས་བཤད་ཅིང་། ཁོང་གིས་ཀྲུང་གོའི་བོད་ལྗོངས་རི་འཛེག་མྱུལ་དཔྱད་རུ་ཁག་གིས་དཔའ་ཉམས་ལྡན་པའི་བྱ་སྤྱོད་དེ་ལེགས་གྲུབ་བྱས་ནས་ལོ་11འཁོར་བར་རྟེན་འབྲེལ་ཞུ་བཞིན་དུ“ཁོང་ཚོ་ནི་གོ་ལ་འདིའི་ཐོག་གྲུབ་འབྲས་དེ་མངོན་འགྱུར་བྱེད་ཐུབ་མཁན་གྱི་ཚོགས་པ་འབའ་ཞིག་དེ་རེད”ཅེས་བཤད།
         ཨ་པུའུ·ཀྲ་ཧྥར·ས་ཏི་ཁ་ཡིས་ཕ་ཁི་སི་ཐན་གྱི་རི་འཛེག་ལས་རིགས་ཀྱིས་ཀྱང་གྲུབ་འབྲས་དེ་ཐོབ་པར་ནུས་ཤུགས་བཏོན་ཡོད། སླད་ཕྱིན་ཕ་ཀྲུང་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རི་འཛེག་མྱུལ་དཔྱད་བྱེད་སྒོ་དེ་བས་མང་བ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་སྤེལ་རེས་མཉམ་འགུལ་ལ་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
         “ཧི་མ་ལ་ཡ་དང་ཁ་ར་ཁུ་རུམ་རི་བོས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་རི་འཛེག་ལས་རིགས་ཀྱི་མཛའ་གྲོགས་ཟབ་མོར་བདེན་དཔང་བྱེད་ཐུབ”ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་རི་འཛེག་བྱེད་སྒོ་སྤེལ་རིམ་བཞིན་ལེགས་གྲུབ་བྱུང་བ་དང་ལོ་རྒྱུས་ཀྱི་ཟིན་ཐོ་མང་པོ་བཏོད་པ་དེ་ནི་རྒྱལ་སྤྱིའི་རི་འཛེག་ལུས་རྩལ་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད་ལ། ཀྲུང་ཕའི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་ཡང་དམིགས་བསལ་གྱི་ནུས་པ་ཐོན་ཡོད་ཅེས་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཉི་མ་ཚེ་རིང་གིས་བཤད།
          ཉི་མ་ཚེ་རིང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་པོས་རི་འཛེག་གི་སྤེལ་རེས་དང་མཉམ་ལས་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་པོའི་རི་འཛེག་ལུས་རྩལ་བྱ་གཞག་འཕེལ་རྒྱས“རི་བོ་མཐོ་ཤོས་ལས་ཀྱང་མཐོ་བའི”མཐོ་ཚད་གསར་པ་ཞིག་ཏུ་སྐུལ་སྤེལ་གཏོང་ཐུབ་ངེས་རེད་ལ། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་ཡང་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།