འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་
    བཙུགས་ནས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་14ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་མཱ་ཁྲའོ་ཤུས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་བདེ་འཇགས་གནད་དོན་ལས་འཛིན་ལྷན་ཚོགས་ཀྱི་རྩོད་གླེང་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་ཀྲུང་གོའི་ལངས་ཕྱོགས་རྒྱས་བཤད་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཙུགས་ནས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་པའི་བདེ་འཇགས་གནད་དོན་ལ་ཁ་གཏད་གཅོག་རྒྱུའི་རེ་འབོད་བྱས་པ་རེད།
          ཁོང་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གིས་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་དེ་ནི་འཛམ་གླིང་ཡོངས་སུ་འཕྲད་པའི་ཐུན་མོང་གི་འགྲན་སློང་གལ་ཆེན་ཞིག་རེད། གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐག་གཅོད་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་ཛ་དྲག་ལ་ཡུན་རིང་གི་ལས་འགན་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཙུགས་ནས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་བཅོག་དགོས། རྒྱལ་ཁབ་ཁག་གིས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་ཁ་གཏད་གཅོག་རྒྱུའི་ཐད་སྤེལ་རེས་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ནས་ལག་རྩལ་བརྒྱུད་སྤྲོད་དང་ནུས་པ་འཛུགས་སྐྱོང་བརྒྱུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་ཀྱིས་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་ཁ་གཏད་གཅོག་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བཤད།
         ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞུང་དྲང་དྲང་བདེན་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་དང་ལག་བསྟར་བྱེད་དགོས། རྒྱལ་ཁབ་ཁག་གིས་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཁྲོད་བཞག་པའི་རྒྱལ་སྤྱིའི་གྲོས་མཐུན་ལ་བརྩི་འཇོག་བྱས་ནས“རྒྱལ་ཕམ་གྱི་བསམ་གཞིག”དོར་ནས་མཉམ་སྤྱོད་དང་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཉིས་ཁེ་གཉིས་ཕན་མངོན་འགྱུར་ཧུར་ཐག་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་《ཕ་རི་སིའི་གྲོས་ཆོད་》དོན་འཁྱོལ་ཏན་ཏིག་བྱེད་དགོས། རྒྱལ་ཁབ་ཁག་གི་དོན་དངོས་ཀྱི་རྒྱལ་བབ་ལ་བསྟུན་པ་དང་རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཧེ་བག་ལ་བརྩི་འཇོག་དང་། “ཐུན་མོང་གང་ཞིག་ཁྱད་པར་ཡོད་པའི་འགན་འཁྲིའི”རྩ་དོན་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁ་དང་གླིང་ཕྲན་ཆུང་ངུའི་རྒྱལ་ཁབ་ཀྱི་མཐུན་འགྲོས་དང་ཞི་ལྷོད་ཀྱི་ནུས་པ་དང་། དོ་དམ་ནུས་པ། མ་རྩ་བསྡུ་སྒྲིལ་གྱི་ནུས་པ་བཅས་ལ་ཤུགས་སྣོན་རྒྱག་རོགས་བྱེད་དགོས་ཞེས་བཤད།
         ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་འདུ་ཤེས་གསར་པ་བཙུགས་ནས་གནམ་གཤིས་དང་འབྲེལ་བ་ཡོད་པའི་བདེ་འཇགས་ཀྱི་ཉེན་ཁ་ཐག་གཅོད་ཡག་པོ་བྱེད་དགོས། དེང་སྐབས་བདེ་འཇགས་ཀྱི་ཉེན་ཁ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། རྒྱལ་ཁབ་ཁག་གིས་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་ནས་རྒྱལ་སྤྱིའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་འབྲེལ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་མཐར་ཐུན་མོང་འཕེལ་རྒྱས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་རྐྱེན་གྱིས་ཐོན་པའི་ས་ཆ་དང་ཆུའི་ཐོན་ཁུངས་ཉུང་དུ་འགྲོ་བ་དང་། འབྲུ་རིགས་བདེ་འཇགས། མི་ཆོས་ཀྱི་ཉམས་ཉེན་དང་གཞི་ཁྱོན་ཆེ་བའི་ཡུལ་གྱར་བ་སོགས་ཀྱི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
          ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བའི་ཐོག་ནས་གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་ལྷོ་ལྷོའི་མཉམ་ལས་ཀྱི་ཁས་ལེན་མུ་མཐུད་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་མིའི་རིགས་ཀྱི་འཚོ་གནས་ཁྱིམ་གཞིས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།