འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལམ་བཟོའི་ལག་རྩལ་གྱིས་ཝུ་ཀན་ཏའི་འཕེལ་རྒྱས་ལ་རོགས་རམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་ལྔ་པའི་ཟླ་མཇུག་ཏུ་ཝུ་ཀན་ཏའི་རྒྱལ་ས་ཁམ་ཕ་ལའི་ལྷོ་ཕྱོགས་སུ་གནས་པའི་ཝ་ཅི་སོའོ་ཁུལ་གྱི་རི་མ་ཐང་དང་། རི་ཁུལ། འདམ་གཞོང་སོགས་མང་པོ་ཞིག་གི་རྒྱུད་དུ་ལམ་ཆེན་ཞིག་སྐྲུན་བཞིན་ཡོད་པ་དང་། ཀྲུང་ཝུ་ཕྱོགས་གཉིས་པོའི་ལས་མི་ཚོས་དཀའ་ངལ་ཁྱད་བསད་ཀྱིས་ལམ་གནོན་འཕྲུལ་འཁོར་སོགས་ལ་བརྟེན་ཏེ་ལས་ཀ་བྱས་ནས་ཝུ་ཀན་ཏའི་མྱུར་བགྲོད་གཞུང་ལམ་དང་པོ་ཁམ་ཕ་ལ་ནས་ཨན་ཏ་ཕེ་རྒྱལ་སྤྱིའི་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་རེད།
         ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས(ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན)འཆར་འགོད་བྱས་པ་དང་བསྐྲུན་པའི་མྱུར་བགྲོད་གཞུང་ལམ་དེ་2012ལོའི་ལོ་མཇུག་ཏུ་སྐྲུན་འགོ་ཚུགས་ཤིང་། རྣམ་གྲངས་ཀྱི་ཅིང་ལི་ལི་ཅིན་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གཞུང་ལམ་དེ“ཚང་མ་ཀྲུང་གོའི་ཚད་གཞིར་གཞིགས་ནས་འཆར་འགོད་དང་བསྐྲུན་པ”ཞིག་རེད། ད་དུང་རྣམ་གྲངས་དེར་མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུ་ས་ཚིགས་དང་གློག་རྡུལ་ལྗིད་འཇལ་མ་ལག་ཆ་ཚང་ཡང་བསྒར་རྒྱུ་རེད།
         ན་ནིང་ཟླ་6པར། ཝུ་ཀན་ཏའི་ཙུང་ཐུང་མུའུ་སའེ་ཝུའེ་ཉིས་གཟིགས་ཞིབ་གནང་རྗེས་རྣམ་གྲངས་དེར་མངགས་བརྗོད་ཀྱི་རྩོམ་ཡིག་བསྟུད་མར་ཐེངས་གསུམ་སྤེལ་ཡོད། ཁོང་གིས་རྩོམ་ཡིག་ནང་མྱུར་བགྲོད་གཞུང་ལམ་ལེགས་གྲུབ་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་མིག་སྔའི་ཁམ་ཕ་ལ་ནས་ཨན་ཏ་ཕེ་བར་གྱི་འགྲིམ་འགྲུལ་འགག་པའི་གནད་དོན་ཞི་ལྷོད་དུ་འགྲོ་རྒྱུ་རེད་ཅེས་གླེང་ཡོད།
         འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་ཕུད། རྣམ་གྲངས་དེ་ལག་བསྟར་བྱེད་རིང་ས་གནས་དེ་གའི་མི་2000ཙམ་ལ་སྔ་རྗེས་སུ་ལས་ཞུགས་ཀྱི་གོ་སྐབས་ཐོབ་པའི་ཁར་ཝུ་ཀན་ཏའི་ལས་མི་མི་ཉུང་བ་ཞིག་ལག་རྩལ་གྱི་རྐང་འཛིན་པ་དང་བཀོལ་སྤྱོད་མཁས་པར་གྱུར་ཡོད།
         “རྣམ་གྲངས་ལག་བསྟར་བྱེད་རིང་ཀྲུང་གོའི་ཁེ་ལས་ཀྱིས་ཤེས་བྱ་དང་རྩལ་ནུས་བརྒྱུད་ཁྲིད་ཧུར་ཐག་བྱས་བྱུང་། ཁོང་ཚོས་ང་ལ་ལས་འགན་ཞིག་རྩིས་སྤྲོད་སྐབས། དང་ཐོག་གང་འདྲ་བྱེད་དགོས་མིན་ཤོད་ཀྱི་འདུག ཀྲུང་གོའི་དགེ་རྒན་གྱི་བརྒྱུད་ཁྲིད་འོག ང་རང་རྣམ་གྲངས་དེའི་ཚ་ལ་རྒྱག་མཁན་བཟོ་པ་ཡག་ཤོས་ཀྱི་གྲས་ཆགས་བྱུང”ཞེས་ལོ་28ལ་སླེབས་པའི་ཅ་ཕུའུ་ལི་ཨེར·ཨའོ་མེ་ཐེས་སྤོབས་སེམས་ཆེན་པོའི་སྒོ་ནས་བཤད།
         “རྣམ་གྲངས་དེ་ལག་བསྟར་བྱེད་སྐབས་ད་དུང་རྟག་ཏུ་ལས་གནས་ཐོག་སྦྱོང་བརྡར་བྱེད་པ་དང་ཆེད་ལས་རྩལ་ནུས་འགྲན་བསྡུར་གྱི་བྱེད་སྒོ་སོགས་མང་པོ་གཉེར་གྱི་འདུག ཀྲུང་གོའི་བཟོ་པའི་ས་ནས་ངས་རྩལ་ནུས་ཤེས་བྱུང་། འབྱུང་འགྱུར་ཚ་ལ་རྒྱག་སའི་བཟོ་གྲྭ་ཆུང་ངུ་ཞིག་བཙུགས་ན་འགྲིག་པ་ཡོད”ཅེས་ལས་ཀའི་ཉམས་མྱོང་དེ་ལས་ཨའོ་མེ་ཐེ་ཡིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
         འདི་ལོ་ལོ་44ལ་སླེབས་པའི་ཕ་ཐ་ལི་ཁེ་·སན་ཐེ་ཀྲ་ནི་རྣམ་གྲངས་ལས་ཡུལ་གྱི་དོ་དམ་པུའི་སྤྱི་ཚོགས་ལས་དོན་གྱི་ལག་རྩལ་ཆེ་མོ་བ་ཞིག་ཡིན་པ་དང་། ཁོང་གིས་སྐད་རིགས་མི་འདྲ་བ་ཁག་5ཤེས་ཀྱི་ཡོད་པས་གཙོ་བོ་ཕྱི་འབྲེལ་གྱི་ལས་ཀའི་འགན་འཁུར་གྱི་ཡོད། ལས་ཀ་འཇོན་པོ་ཡོད་པའི་དབང་གིས་ལོ་4བསྟུད་མར་ཕྱི་ཁོངས་ཀྱི་ཕུལ་བྱུང་ལས་བཟོར་བདམས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།