འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཁྲིམས་དཔོན་དང་དེའི་དགའ་ཉེ་སྤུན་མཆེད་ཀྱི་མི་ལུས་ཁེ་དབང་ལ་སྲུང་སྐྱོང་
    བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་། ཁྲིམས་དཔོན་དང་དེའི་དགའ་ཉེ་སྤུན་མཆེད་ཀྱི་མི་ལུས་བདེ་འཇགས་ལ་གནོད་འཚེ་བཏང་བའི་དོན་རྐྱེན་ཡང་ཡང་ཐོན་པར་དམིགས་ཏེ། ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་ཁྲིམས་དཔོན་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ནང་ཁྲིམས་དཔོན་དང་དེའི་དགའ་ཉེ་སྤུན་མཆེད་ཀྱི་མི་ལུས་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         འཆར་ཟིན་ནང་། ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཚང་མས་ཁྲིམས་དཔོན་དང་དེའི་དགའ་ཉེ་སྤུན་མཆེད་ལ་རྡུང་རྡེག་གཏོང་མི་ཆོག་ལ་འཁོན་ལན་ཡང་སློག་མི་ཆོག ཁྲིམས་དཔོན་དང་དེའི་དགའ་ཉེ་སྤུན་མཆེད་ལ་འཁོན་ལན་སློག་པ་དང་གནོད་འཚེ་གཏོང་བ་དང་། དམའ་འབེབས་བྱེད་པ་དང་སྐྱོན་ཁག་འཛུགས་པ། གཏུམ་སྤྱོད་སྤེལ་ནས་གནོད་འཚེ་གཏོང་བ་བཅས་ཀྱི་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་རིགས་ལ་ཁྲིམས་བཞིན་ཆད་པ་ནན་པོ་གཅོད་རྒྱུ་ཡིན་ཞེས་གཏན་འབེབས་བྱས་ཡོད་པ་རེད།
         འཆར་ཟིན་ལྟར་ན། ཁྲིམས་དཔོན་གྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པར་དོན་དངོས་དང་མི་མཐུན་པའི་ཐེར་འདོན་བྱས་པ་དང་། ཉེས་མེད་ཉེས་འགེལ་བྱས་པ། དམའ་འབེབས་དང་སྐྱོན་འཛུགས་བྱས་པ་བཅས་ལས་མཚན་སྙན་ལ་གནོད་འཚེ་ཕོག་པའི་རིགས་ལ། མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དུས་ཐོག་ཏུ་དོན་དངོས་ཁ་གསལ་བཟོས་ནས་ཤུགས་རྐྱེན་ངན་པ་སེལ་རྒྱུ་རེད་ལ་ཚན་པ་དང་མི་སྒེར་གྱི་འགན་འཁྲི་ཁྲིམས་བཞིན་བདའ་འདེད་ཀྱང་གཏོང་རྒྱུ་རེད།
         གྱོད་གཞི་སྒྲུབ་རིང་ཁྲིམས་དཔོན་དང་དེའི་དགའ་ཉེ་སྤུན་མཆེད་ཀྱི་མི་ལུས་ལ་ཉེན་ཁ་འཕྲད་རིགས་ལ་ཁྲིམས་དཔོན་དང་དེའི་དགའ་ཉེ་སྤུན་མཆེད་ལ་མི་ལུས་སྲུང་སྐྱོང་དང་དམིགས་བཀར་མི་སྣས་ཉེ་བཅར་བྱ་རྒྱུ་བཀག་འགོག་སོགས་དགོས་ངེས་ཀྱི་སྲུང་སྐྱོང་བྱ་ཐབས་སྤྱོད་རྒྱུ་རེད།
         ཁྲིམས་དཔོན་གྱིས་ཁྲིམས་བཞིན་ཁྲིམས་གཅོད་དབང་ཆ་སྤྱོད་པར་སྲུང་སྐྱོང་བྱེད་པའི་ཐད། འཆར་ཟིན་ནང་སྲིད་འཛིན་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་ཀྱིས་ཁྲིམས་དཔོན་གྱིས་ཁྲིམས་བཞིན་གྱོད་གཞི་སྒྲུབ་པར་ཐེ་ཇུས་བྱེད་མི་ཆོག་ལ་ཁྲིམས་དཔོན་ལ་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལས་འགལ་བའི་བྱ་སྤྱོད་སྤེལ་རྒྱུའི་རེ་བའང་འདོན་མི་ཆོག ཁྲིམས་དཔོན་གྱི་གྱོད་གཞི་སྒྲུབ་པར་ཐེ་ཇུས་བྱས་རིགས་ཁྲིམས་དཔོན་ལ་ཁས་མི་ལེན་པའི་དབང་ཆ་ཡོད་པ་མ་ཟད། དོན་དེ་ཐོ་འགོད་ཀྱང་བྱེད་པ་དང་ཆབས་ཅིག་འབྲེལ་ཡོད་ལས་ཁུངས་ཀྱིས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།