འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རིམ་པ་མཐོ་བའི་འཐུས་མི་ཚོགས་པ་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་
    ཆིངས་》ཀྱི་ཆིངས་འཇོག་རྒྱལ་ཁབ་ཀྱི་ཚོགས་ཆེན་སྐབས་བདུན་པར་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས་》ཀྱི་ཆིངས་འཇོག་རྒྱལ་ཁབ་ཀྱི་ཚོགས་ཆེན་སྐབས་བདུན་པ་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ནར་འཚོག་འགོ་ཚུགས་པ་རེད། ཕྱི་འབྲེལ་པུའི་པུའུ་ཀྲང་ལས་རོགས་ཆན་ཧུང་ཧྲན་གྱིས་ཀྲུང་གོའི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་མ་ཟད། ཚོགས་ཆེན་གྱི་སྤྱིར་བཏང་རྩོད་གླེང་ཐོག་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་རྒྱས་བཤད་ཀྱང་གནང་བ་རེད།
          ཆན་ཧུང་ཧྲན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རུལ་རྒོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྒྱལ་ནང་གི་རུལ་རྒོལ་ཁྲིམས་སྲོལ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད། རུལ་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྤེལ་བ་བཅས་བྱས་ནས་རུལ་རྒོལ་གྱི་གོ་ལ་ཧྲིལ་པོའི་བཅོས་སྒྲིག་ལས་དོན་ཁྲོད་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་པ་དང་། ད་དུང་ཁོང་གིས་རུལ་རྒོལ་འཐབ་རྩོད་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཀོད་སྒྲིག་གལ་ཆེན་ངོ་སྤྲོད་གནང་བ་དང་། རུལ་རྒོལ་ཐད་བཀག་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། བཀག་འགོག་ནན་པོ་དང་། དམ་བསྒྲགས་ཤུགས་ཆེན། ཟིལ་གནོན་ཆེན་པོ་བཅས་མཐའ་འཁྱོངས་བྱེད་པ། ལྐོག་རྔན་སྤྲོད་ལེན་མཉམ་དུ་བརྟག་དཔྱད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རུལ་རྒོལ་ཐད་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲོག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་སྤྱི་པའི་དབང་ཆ་སྤྱོད་མཁན་གྱི་གཞུང་དོན་ལས་སྒྲུབ་པ་ཡོངས་ལ་ལྟ་ཞིབ་བྱ་རྒྱུ་ཁྱོན་ཡོངས་སུ་ཁྱབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          རུལ་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཆན་ཧུང་ཧྲན་གྱིས་གྲོས་འགོ་གསུམ་བཏོན་པ་སྟེ། གཅིག་ནས་འདྲ་མཉམ་གཉིས་ཕན་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་ཁེ་ཕན་ལ་ལྟ་རྟོག་བྱས་ཏེ་རུལ་རྒོལ་ཇུས་ཆེན་མཉམ་དུ་གྲོས་བསྡུར་བྱེད་དགོས་ཤིང་། རྒྱལ་ཁབ་ཁག་གིས་བདག་དབང་ལ་བརྩི་འཇོག་དང་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་གཞི་རྩའི་རྩ་དོན་གཞིར་འཛིན་པ་དང་། སྤྱི་ཆིངས་ ལག་བསྟར་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དམིགས་ཡུལ་དུ་བྱས་ཏེ་སྤྱི་ཆིངས་ཀྱི་ལམ་སྲོལ་ལེགས་སུ་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་སྤྱི་ཆིངས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ལམ་ལུགས་ཀྱི་བར་ཁྱད་བསལ་ནས་རུལ་རྒོལ་ལམ་སྲོལ་མཉམ་དུ་འཛུགས་དགོས་ཤིང་། རྒྱལ་ཁབ་ཁག་གིས་རུལ་རྒོལ་གྱི་དགོས་མཁོར་གཞི་ཚུགས་ཏེ་རྒྱུ་ནོར་ཚུར་ལེན་སོགས་སྤྱི་ཆིངས་ལམ་སྲོལ་འཛུགས་སྐྱོང་དང་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནས་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཇུས་དམངས་འཚོར་ཕན་པ་བཏགས་ནས་རུལ་རྒོལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས་ཤིང་། རྒྱལ་ཁབ་ཁག་གིས་འཛམ་གླིང་གི་ཕུགས་ཀྱི་འཕེལ་རྒྱས་དང་འགྲོ་བ་མིའི་བདེ་རྩར་དམིགས་ཏེ་ཐུན་མོང་གི་ངོས་འཛིན་ཤུགས་ཆེན་དང་། ཁས་ལེན་ལག་བསྟར། ཕན་ཚུན་རོགས་ལས་བཅས་བྱས་ཏེ་མཉམ་གྲོས། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་རྒྱལ་སྤྱིའི་རུལ་རྒོལ་བཅོས་སྒྲིག་མ་ལག་གཏོད་དགོས།
          《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས་》ནི་རུལ་རྒོལ་ཁྱབ་ཁོངས་སུ་དབང་གྲགས་རང་བཞིན་ཆེ་ཤོས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་བཅའ་ཁྲིམས་ཀྱི་ཡིག་ཆ་ཞིག་ཡིན་ཞིང་། 2005ལོའི་ཟླ་12ཚེས་14ཉིན་ནས་གོ་ཆོད་པར་གྱུར་ནས་ད་བར་ཆིངས་འཇོག་རྒྱལ་ཁབ་183ཡོད།
      

    ཕྱོགས་བསྡུས་གསར་འགྱུར།