འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཇུས་འདོན་ཚོགས་པའི་གླེང་སྟེགས་ཝེ་ཐེ་ནམ་དུ་གཉེར་ཏེ་ཀྲུང་གུང་
    ཚོགས་ཆེན་བཅུ་དགུ་པ་དང་APECསྒྲོམ་གཞིའི་འོག་གི་ཀྲུང་གོ་དང་
    ཝེ་ཐེ་ནམ་གྱི་མཉམ་ལས་ལ་བགྲོ་གླེང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱི་རུ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་འཐབ་ཇུས་ཀྱི་ཇུས་འདོན་ཚོགས་པ་དང་ཝེ་ཐེ་ནམ་གྱི་སྤྱི་ཚོགས་ཚན་རིག་ཁང་གི་ཀྲུང་གོ་ཞིབ་འཇུག་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཇུས་འདོན་ཚོགས་པའི་གླེང་སྟེགས་ཏེ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་APECསྒྲོམ་གཞིའི་འོག་གི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཉམ་ལས་ཐད་ཀྱི་བགྲོ་གླེང་ཚོགས་འདུ”འཚོག་འགོ་ཚུགས་པ་རེད།
          ཀྲུང་གོ་དང་ཝེ་ཐེ་ནམ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་30ལྷག་ཙམ་གྱིས་ཉིན་གཅིག་རིང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གཙོ་བོ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་འཕེལ་རྒྱས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)སྒྲོམ་གཞིའི་འོག་གི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཉམ་ལས་སོགས་ཀྱི་བརྗོད་གཞིར་དམིགས་ནས་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།
         འགོ་འཛུགས་མཛད་སྒོར་ཤིས་ཚིག་གསུང་སྐབས་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀུའོ་ཝེ་མིན་གྱིས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ཝེ་ཐེ་ནམ་སྤྱི་ཚོགས་ཚན་རིག་ཁང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་གྲོལ་མ་ཐག་དང་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་འགྱངས་བར་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་ཡིན་པའི་རྒྱབ་ལྗོངས་འོག་མཉམ་དུ་ཇུས་འདོན་ཚོགས་པའི་བགྲོ་གླེང་ཚོགས་འདུ་འཚོགས་པར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་གསུངས།
         ཝེ་ཐེ་ནམ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་རོན་ཀོང་ཧྲུན་གྱིས། ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་བཞིན་ཡོད་པས་སྲིད་ཇུས་དང་བྱེད་ཐབས་གསར་པ་དགོས་པ་དང་། དངོས་སྒྲུབ་དང་། སྐྱོན་བྲལ། ནུས་ལྡན། སྔར་བས་ཐབས་ལམ་རྒྱ་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་དང་། ཉོ་ཚོང་དོ་སྙོམས། ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་སྐུལ་གཏོང་སོགས་ཀྱི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཝེ་ཐེ་ནམ་གུང་ཁྲན་ཏང་དང་སྲིད་གཞུང་གིས་དུས་ཡུན་རིང་པོར་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་བར་བརྩི་འཇོག་དང་ལྷག་བསམ་ཟོལ་མེད་ཀྱི་རེ་བའང་བྱེད་ཀྱི་ཡོད་ཅིང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་གཞོལ་བའི་ཀྲུང་གོའི་འབད་བརྩོན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གཏམ་བཤད་བྱས་པ་རེད།
        ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཝེ་ཐེ་ནམ་སྤྱི་ཚོགས་ཚན་རིག་ཁང་གི་ཀྲུང་གོ་ཞིབ་འཇུག་ཁང་གི་སུའོ་ཀྲང་ཟུར་པ་ཏུའུ་ཅིན་སེན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཝེ་ཐེ་ནམ་རྒྱལ་དོན་འཚམས་འདྲི་གནང་ཡུལ་ཐོག་མར་བརྩིས་པ་ལས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་ལུགས་གསལ་བཤད་གང་ལེགས་བྱས་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།