འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་ཚོགས་སྐབས་བཅོ་ལྔ་པ་གཉེར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་ཚོགས་སྐབས་བཅོ་ལྔ་པ་གཉེར་འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་ཚོགས་སྐབས་བཅོ་ལྔ་པ་ཟླ་11ཚེས་5ཉིན་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་རི་མཐོའི་སྦྱོང་བརྡར་རྟེན་གཞིར་གཉེར་འགོ་ཚུགས་ཤིང་། རྒྱལ་ཡོངས་ས་གནས་ཁག་གི་ཐང་སྟོང་ལུས་རྩལ་ལ་དགའ་མཁན་170ཙམ་གྱིས་ཉིན་དྲུག་རིང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡི་ས་མཐོར་གངས་འཁྱག་དང་ཐང་སྟོང་ལུས་རྩལ་བྱེད་སྒོ་སྤེལ་ནས་གངས་ལྗོངས་ཀྱི་མཛེས་ལྗོངས་ལ་ལྟ་སྐོར་དང་རང་ཉིད་ཀྱི་ཤེད་ཤུགས་ལ་འགྲན་སློང་བྱ་རྒྱུ་རེད།
          ད་ཐེངས་ཀྱི་ལུས་རྩལ་རྣམ་གྲངས་ལ་ནོར་སྟོད་ལའི་རི་འཛེག་མྱུལ་དཔྱད་བྱེད་སྒོ་དང་ཤོག་བུ་ལའི་རྐང་འཁོར་ཐང་སྐྱོད་འགྲན་སློང་འགྲན་བསྡུར། དེ་བཞིན་ཤོག་བུ་ལའི་མང་ཚོགས་རང་བཞིན་གྱི་རི་འཛེག་བྱེད་སྒོ་ཡོད་པ་རེད།
          ལུས་རྩལ་བྱེད་སྒོར་ཞུགས་མཁན་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཚོགས་ཆེན་ཐོག་ལུས་རྩལ་ལ་ཞུགས་མཁན་ཚོས་རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་གྱི་སྙན་ཞུ་འབུལ་དགོས་པ་དང་འབྲེལ་བྱེད་སྒོར་མ་ཞུགས་གོང་རི་མཐོའི་རོགས་སྐྱོབ་རྩལ་ནུས་དང་གངས་འཁྱག་ཁྲོད་ཀྱི་ལག་རྩལ་སོགས་ཀྱི་གསོ་སྦྱོང་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། བྱེད་སྒོའི་བདེ་འཇགས་འགན་ལེན་དཔུང་ཁག་ནང་2008ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་བྱེད་མཁན་དང་། ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་མཐོ་14ལ་འཛེགས་མྱོང་མཁན། གླིང་ཆེན་བདུན་གྱི་རི་མཐོ་ཤོས་དང་ལྷོ་སྣེ་དང་བྱང་སྣེའི་གནས་སུ་རྐང་ཐང་མར་སྐྱོད་མཁན་ཆུ་ཚད་མཐོ་བའི་རི་འཛེག་ལུས་རྩལ་པ་བཅས་ཞུགས་ཡོད་པ་རེད།
         བོད་ལྗོངས་སུ་ཐུན་མོང་མ་ཡིན་པའི་ཐང་སྟོང་ལུས་རྩལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ད་ཕན་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་རི་འཛེག་ལུས་རྩལ་གྱིས་སྣེ་འདྲེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“བོད་ཀྱི་རི་འཛེག་འདུ་ཚོགས”ཀྱི་མིང་བྱང་བཏོད་པར་བརྟེན་རྒྱལ་ཕྱི་རྒྱལ་ནང་གི་རི་འཛེག་ལས་རིགས་ཁྲོད་ཤུགས་རྐྱེན་རྒྱ་ཁྱབ་ཐེབས་ཡོད། 2001ལོ་ནས་བཟུང་ལས་དོན་དེ་སྤེལ་ཚུན་འདུ་ཚོགས་ཀྱིས་གངས་རི་འཛེག་པའི་ལུས་རྩལ་རྐྱང་པ་དེ་རི་འཛེག་དང་། རྐང་འཁོར། གངས་ཤུད། རྐང་ཐང་མ་སོགས་ཐང་སྟོང་ལུས་རྩལ་དུ་འཕེལ་རྒྱས་བཏང་བ་དང་འབྲེལ་རི་མཐོའི་རོགས་སྐྱོབ་རྩལ་ནུས་གསོ་སྦྱོང་གཞི་གཅིག་ཏུ་གྱུར་པའི་ཕྱོགས་བསྡུས་རང་བཞིན་གྱི་ཐང་སྟོང་སྤུས་རྟགས་བྱེད་སྒོ་བཏོད་ཡོད། དེས་ན། འདི་ལོ་འདུ་ཚོགས་དེ་ཁག་དང་པོའི་རྒྱལ་ཁབ་ལུས་རྩལ་རྩེ་གྲའི་འགྲན་བསྡུར་གྱི་མིང་བྱང་ནང་ཚུད་པ་རེད།
          བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་བོད་ཀྱིས་གངས་འཁྱག་ལུས་རྩལ་ལྷོ་ནས་ནུབ་ཏུ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་འཁྱོངས་བྱས་ཏེ་ཐང་སྟོང་ལུས་རྩལ་གྱི་ཐོན་ཁུངས་གསར་སྤེལ་ཧུར་ཐག་དང་། ཐང་སྟོང་ལུས་རྩལ་གྱི་ཁྲོམ་ར་སྐྱེད་སྲིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་བོད་ཀྱི་རི་འཛེག་འདུ་ཚོགས་ཐུན་མིན་ཁྱད་ཆོས་ལྡན་པའི་ལུས་རྩལ་ཐོན་ལས་སྤུས་རྟགས་དང་ལུས་རྩལ་ཡུལ་སྐོར་སྤུས་རྟགས་དང་རྒྱལ་ནང་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་སྟེགས་བུ་རྩེ་གྲ་བཅས་སུ་ཧུར་ཐག་བསྐྲུན་རྒྱུ་ཡིན་ཞེས་བཤད།
    ༄༅།།ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་ཚོགས་སྐབས་བཅོ་ལྔ་པ་གཉེར་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།