འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རི་འཛེག་ལ་དགའ་མཁན་གྱིས་གངས་འཁྱག་རྩལ་ནུས་སྦྱོང་བརྡར་བྱས་ནས་
    ནོར་སྟོད་ལ་རྩེར་འཛེག་རྒྱུའི་གྲ་སྒྲིག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི་རི་འཛེག་ལ་དགའ་མཁན་གྱིས་གངས་འཁྱག་རྩལ་ནུས་སྦྱོང་བརྡར་བྱས་ནས་
ནོར་སྟོད་ལ་རྩེར་འཛེག་རྒྱུའི་གྲ་སྒྲིག་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན་ནི་ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་ཚོགས་སྐབས་བཅོ་ལྔ་པའི་ཉིན་གཉིས་པ་ཡིན་ཞིང་། དེ་ཉིན་བོད་ལྗོངས་རི་འཛེག་རུ་ཁག་གི་ཆེད་ལས་རྩལ་སློབ་དགེ་རྒན་གྱི་སྣེ་ཁྲིད་འོག་ལས་ཞོར་རི་འཛེག་ལ་དགའ་མཁན་མི་20ལྷག་ཙམ་ལྷ་སའི་བྱང་རྒྱུད་ཀྱི་ནོར་སྟོད་ལའི་གངས་མཚམས་སུ་གངས་འཁྱག་རྩལ་ནུས་སྦྱོང་བརྡར་བྱས་ནས་ཚེས་7ཉིན་གྱི་ཐོ་རེངས་རི་རྩེར་འཛེག་རྒྱུར་མཐའ་མའི་གྲ་སྒྲིག་བྱས་པ་རེད།
         སྦྱོང་བརྡར་བྱེད་སའི་གངས་མཚམས་སུ་ས་བབ་མཐོ་ཚད་ཆ་སྙོམས་སྨི་5400ཟིན་ཞིང་། རུ་མི་ཚོས་འཁྱག་སྡེར་སོགས་ཀྱི་ཆེད་ལས་རི་འཛེག་སྒྲིག་ཆས་གྱོན་ལུགས་སྦྱངས་པ་དང་། གངས་ཁྲོད་དུ་འགྲོ་སྐྱོད་ཀྱི་རྩལ་ནུས་སྦྱོང་བརྡར་བྱས་པ་དང་དེ་བཞིན་མཐོར་འདེགས་ཡོ་བྱད་སོགས་ཀྱི་སྒྲིག་ཆས་བེད་སྤྱོད་བྱེད་སྟངས་སྦྱངས་པ་རེད།
         སྦྱོང་བརྡར་ནང་ཞུགས་མཁན་གྲས་སུ་ཀྲུང་གོའི་ས་གཤིས་སློབ་ཆེན་ལུས་རྩལ་སློབ་གསོའི་སྦྱོང་བརྡར་རིགས་པའི་ཆེད་ལས་ཐང་སྡེར་ལུས་རྩལ་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མ་7ཚུད་ཡོད་པ་དང་། ཁོང་ཚོའི་ཁྲོད་མི་6ནི་ས་བབ་མཐོ་བའི་ས་ཁུལ་དུ་གངས་རིར་འཛེག་ཐེངས་དང་པོ་ཡིན་པ་རེད། སྣེ་ཁྲིད་རུ་དཔོན་ལེང་རུང་ཆིས“ང་ཚོ་མ་གཞི་རི་འཛེག་རུ་མི་ཞིག་མ་ཡིན་མོད། འོན་ཀྱང་རི་ལ་འཛེག་རྒྱུར་ཧ་ཅང་དགའ་པོ་ཡོད། བོད་ལྗོངས་རི་འཛེག་འདུ་ཚོགས་ལས་ང་ཚོར་བར་ཐག་ཉེ་བའི་ངང་གངས་རིར་འཛེག་པའི་གོ་སྐབས་ཐོབ་བྱུང་། ང་ཚོས་ཀྱང་དེ་གར་སྦྱངས་པའི་རྩལ་ནུས་ཚང་མ་གང་ཐུབ་ཀྱིས་སློབ་ཕྲུག་ཚོའི་ཁྲོད་ཁྱབ་གདལ་གཏོང་རྒྱུ་ཡིན”ཞེས་བརྗོད།
         ལས་ཞོར་རི་འཛེག་ལ་དགའ་མཁན་སྒྲིག་འཛུགས་བྱས་ཏེ་ས་བབ་མཐོ་ཚད་སྨི་5000ངམ་6000ཙམ་ཟིན་པའི་གངས་རིར་འཛེག་རྒྱུ་ནི་སྔར་ནས་ད་བར་བོད་ལྗོངས་རི་འཛེག་འདུ་ཚོགས་ཀྱི་རྣམ་གྲངས་གཙོ་བོའི་གྲས་ཤིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གི་རུ་དཔོན་བཀྲ་ཤིས་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཐང་སྡེར་ལུས་རྩལ་གྱི་རྨང་གཞིའི་རྩལ་ནུས་གསོ་སྦྱོང་དང་ཁྱབ་གདལ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་བོད་ལྗོངས་རི་འཛེག་འདུ་ཚོགས་ཀྱིས་ལོ་མང་རིང་ལག་ལེན་བྱས་པ་བརྒྱུད་ཐོག་མའི་རི་འཛེག་མཁན་ལ་ཚན་རིག་དང་མཐུན་པའི་རི་འཛེག་གི་འཆར་གཞི་ཆ་ཚང་ཞིག་བཏིང་ཡོད། རི་འཛེག་མཁན་ལྷ་སར་ཉིན་གཉིས་བསྡད་ནས་ལུས་པོ་འཕྲོད་རྗེས་ས་བབ་མཐོ་ཚད་སྨི་4300ཟིན་པའི་ཡངས་པ་ཅན་རི་མཐོའི་སྦྱོང་བརྡར་རྟེན་གཞིར་བསྐྱོད་ནས་འཕྲོད་ནུས་རང་བཞིན་གྱི་རྐང་ཐང་མར་སྐྱོད་པ་དང་ཆབས་ཅིག་ཁང་པའི་ནང་དུ་གཞི་རྩའི་སྒྲིག་ཆས་སྤྱོད་སྟངས་ལག་རྩལ་རྒྱུས་མངའ་བྱེད་དགོས་ཀྱི་ཡོད། རི་ལ་མ་འཛེགས་གོང་ས་བབ་མཐོ་བའི་རིའི་གངས་འབབ་མཚམས་སུ་བསྐྱོད་ནས་དེ་ཁུལ་དུ་ལུས་རྩལ་སྒྲིག་ཆས་བེད་སྤྱོད་བྱེད་སྟངས་སྦྱོང་བརྡར་དང་དེ་བཞིན་གང་འཁྱགས་ལག་རྩལ་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད། མཇུག་ཏུ་ཆེད་ལས་རྩལ་སློབ་དགེ་རྒན་གྱི་སྣེ་ཁྲིད་འོག་རི་ལ་འཛེག་དགོས་ཀྱི་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། སྐབས་འདིའི་རི་འཛེག་འདུ་ཚོགས་སུ་རི་ལ་འཛེག་མཁན་ཚོགས་ཆུང་Aདང་Bགཉིས་སུ་ཕྱེ་ཡོད། ཚོགས་ཆུང་Aནི་ཚེས་7ཉིན་གྱི་ཐོ་རེངས་རི་ལ་འཛེགས་པ་དང་། ཚོགས་ཆུང་Bནི་ཚེས་6ཉིན་ཡངས་པ་ཅན་རི་མཐོའི་སྦྱོང་བརྡར་རྟེན་གཞིར་བསྐྱོད་ནས་འཕྲོད་ནུས་སྦྱོང་བརྡར་བྱས་ཡོད་པ་རེད།
         ནོར་སྟོད་ལ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་གྱི་ནུབ་ལྷོ་རྒྱུད་དུ་གནས་ཡོད་པ་དང་། ས་བབ་མཐོ་ཚད་སྨི་6010ཟིན་ཡོད། དེ་ནི་རི་འཛེག་མཁན་གངས་རིར་འཛེག་སྐབས་སྔོན་ལ་ཚོད་ལྟ་བྱེད་སའི་ས་ཆ་ཡག་པོ་ཞིག་ཡིན་པ་མ་ཟད། བོད་ལྗོངས་རི་འཛེག་སློབ་གྲྭའི་སྦྱོང་བརྡར་བྱེད་སའི་གྲས་ཤིག་ཀྱང་རེད།
    【1】  【2】  【3】
    ༄༅།།བོད་ལྗོངས་ཀྱི་རི་འཛེག་ལ་དགའ་མཁན་གྱིས་གངས་འཁྱག་རྩལ་ནུས་སྦྱོང་བརྡར་བྱས་ནས་
ནོར་སྟོད་ལ་རྩེར་འཛེག་རྒྱུའི་གྲ་སྒྲིག་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།