འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་གངས་ཤུད་རི་འཛེག་ལུས་རྩལ་འཕེལ་རྒྱས་བཏང་ནས་ལུའོ་སང་དགུན་དུས་
    གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་10ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱིས་གངས་ཤུད་རི་འཛེག་ལུས་རྩལ་འཕེལ་རྒྱས་བཏང་ནས་ལུའོ་སང་དགུན་དུས་
གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་པ།
          མི་དམངས་དྲ་བའི་འཕྲིན། ཞོགས་པའི་ཉི་བཞོན་བསུ་བཞིན་སྒལ་པ་རི་ལ་གཏད་དེ་ས་བབ་སྨི་6000ལྷག་ཙམ་ཟིན་པའི་གངས་རིའི་རྩེ་ནས་སྐར་མ་བཅུ་གྲངས་ནང་གངས་ཤུད་གློད་ནས་སྨི་བརྒྱ་ཕྲག་མྱུར་དུ་སྒྲོལ་བའི་ངར་ཤུགས་ཆེ་བའི་རྣམ་པ་འདི་འདྲ་ཉིན་ཤས་གོང་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པའི་ནོར་སྟོད་ལ་རྩེར་ཡང་ཡང་མཐོང་རྒྱུ་ཡོད། གངས་ཤུད་གློད་པའི་རི་འཛེག་རྣམ་གྲངས་ཀྱི་ལུས་རྩལ་པ་དང་དེར་དགའ་བའི་མི་ཚོས་དེ་གའི་བོད་ཀྱི་རི་འཛེག་འདུ་ཚོགས་ལ་སྦྱོང་བརྡར་བྱེད་བཞིན་ཡོད། མིག་སྔར་བོད་ལྗོངས་ཀྱིས་ཕྱི་རོལ་གྱི་གངས་འཁྱག་རྣམ་གྲངས་གོང་འཕེལ་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་། 2020ལོའི་ལུའོ་སང་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ལ་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད། ད་རེས་ཀྱི་ལུའོ་སང་གངས་ཤུད་རི་འཛེག་བྱེད་སྒོར་བོད་ལྗོངས་ཀྱི་གངས་ཤུད་རི་འཛེག་ལུས་རྩལ་པ་དང་ལྗོངས་ཕྱིའི་གངས་ཤུད་རི་འཛེག་ལ་དགའ་བའི་མི་བཅུ་ལྷག་ཙམ་ཡོད། བྱེད་སྒོའི་འགན་འཁུར་བ་བོད་རང་སྐྱོང་ལྗོངས་རི་འཛེག་རུ་དཔོན་གཞོན་པ་ངག་དབང་བཀྲ་ཤིས་ཀྱིས་འདི་ལོའི་བྱེད་སྒོ་ནི་དུས་ཚིགས་ལས་ལྡོག་པའི་ལུས་ཤུགས་ཟད་ཆེ་བའི་སྦྱོང་བརྡར་ཞིག་རེད། ད་ཆ་གནམ་གཤིས་གྲང་དུ་སོང་བ་དང་གངས་གསོག་དེ་ཙམ་ཡག་པོ་ཐེབས་མེད་པའི་ཁར་འཁྱག་པ་མང་བའི་རྐྱེན་གྱིས་སྦྱོང་བརྡར་ལ་དཀའ་ངལ་མི་ཉུང་བ་ཞིག་བཟོས་ཡོད། སྦྱོང་བརྡར་ལ་ཐུར་དུ་འཁྱག་ཤུད་གློད་པ་དང་། ATགྱེན་འཛེག་(གངས་ཤུད་པང་ལེབ་ཀྱིས་གངས་འབུར་བསྒྲལ་ནས་གྱེན་དུ་འཛེག་པ)གི་ལག་རྩལ་གཙོ་གནད་དུ་སྦྱོང་བརྡར་བྱས་པ་རེད།
          ད་ཆ་བོད་ལྗོངས་ཀྱིས“2000ལོའི་རྗེས་སྐྱེས”ལུས་རྩལ་ཕོ་རྒོད་ཁག་གཅིག་བདམས་ནས་རང་སྐྱོང་ལྗོངས་གངས་ཤུད་རི་འཛེག་གི་མཉམ་སྡེབ་རུ་ཁག་བཙུགས་ཤིང་། ངག་དབང་བཀྲ་ཤིས་ཀྱིས“བོད་ལྗོངས་སུ་རིའི་ཐོན་ཁུངས་ཡག་པོ་ཡོད་པ་འདི་དག་ཕྱི་རོལ་གངས་འཁྱག་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ལུའོ་སང་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་རིང་གྲུབ་འབྲས་ཡོང་བར་བརྩོན་ལེན་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད”ཅེས་བཤད།
          སི་ཁྲོན་ཁྲེང་ཏུའུ་ནས་སླེབས་པའི་གངས་ཤུད་རི་འཛེག་ལ་དགའ་བའི་ཏེང་ལིན་ད་རེས་ཀྱི་སྦྱོང་བརྡར་ལ་ཞུགས་ཡོད། ཁོང་ལུས་རྩལ་འདི་རིགས་ལ་ཞུགས་ནས་ལོ་བདུན་སོང་བ་དང་ཤིན་ཅང་མུ་ཧྲི་ཐ་ཀེ་རི་རྩེའི་མཐོ་ཚད་སྨི་7546ནས་མི་གཅིག་ཁེར་འགྲོས་ཀྱིས་ཐུར་དུ་སྨི་3200གངས་ཤུད་གློད་མྱོང་ཡོད། ཁོང་གིས་ད་རེས་བོད་ལྗོངས་ལ་གངས་ཤུད་རི་འཛེག་པར་ཡོང་ཐེངས་དང་པོ་ཡིན། ནོར་སྟོད་ལ་རྩེར་སྦྱོང་བརྡར་བྱེད་པའི་མཐུན་རྐྱེན་ཡག་པོ་ཡོད་པ་ཧང་སངས་བྱུང་ཞེས་གསར་འགོད་པར་བཤད།
         བོད་ལྗོངས་ཀྱིས་2016ལོར་གངས་ཤུད་རི་འཛེག་ལུས་རྩལ་ཚོད་ལྟ་བྱས་པ་དང་། འབྱུང་འགྱུར་ནོར་སྟོད་ལ་རྩེ་རྣམ་གྲངས་འདི་རིགས་སྦྱོང་བརྡར་བྱ་ཡུལ་དུ་བསྐྲུན་ནས་2018ལོར་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་སྤེལ་རེས་འདུ་ཚོགས་ཤིག་གཉེར་རྒྱུའི་འཆར་གཞི་ཡོད་པ་རེད།
         འདི་ལོའི་ཟླ་བདུན་པར་གངས་ཤུད་རི་འཛེག་2020ལོའི་ལུའོ་སང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དངོས་གཞིའི་འགྲན་བསྡུར་རྣམ་གྲངས་སུ་བཅུག་ཡོད།
    ༄༅།།བོད་ལྗོངས་ཀྱིས་གངས་ཤུད་རི་འཛེག་ལུས་རྩལ་འཕེལ་རྒྱས་བཏང་ནས་ལུའོ་སང་དགུན་དུས་
གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།