འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལས་གཏོད་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “ལས་གཏོད་དང་མ་འཇོག་ལས་སྟེགས་བཏོད་དེ་ལས་གཏོད་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་བར་རོགས་རམ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ལས་གཏོད་རྣམ་གྲངས་ཀྱི་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་དང་པོ་གཉེར་བ་ལས་བོད་ཀྱི་ལས་གཏོད་ཀྱི་མ་འཇོག་དང་མ་རྩ་བསྡུ་སྒྲིལ་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད། ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་རྣམ་གྲངས་8ལ་སྒོར་དུང་ཕྱུར་1.58ཀྱི་མ་འཇོག་འདོད་མཐུན་བྱུང་ཡོད་པ་རེད།
           ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཁྱོན་པེ་ཅིང་དང་ཧྲང་ཧའེ་སོགས་ནས་ཡིན་པའི་གྲགས་ཅན་མ་འཇོག་སྒྲིག་གཞི་22ཞུགས་པ་དང་མ་འཇོག་གི་འདོད་མཐུན་ལ་དྲ་སྦྲེལ་དང་། རིག་གནས་གསར་གཏོད། རིག་སྟོབས་བཟོ་སྐྲུན། བོད་སྨན་དང་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད། མིང་ཐོ་བཀོད་དེ་བསྡུ་ལེན་དང་ཐོག་མའི་ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད་ཁྱོན་གློག་རྡུལ་ཚོང་དོན་དང་། རང་བྱུང་འཐུང་ཆུ། མི་རིགས་ཀྱི་སྲོལ་རྒྱུན་ཐོན་ལས་སོགས་ལས་གཏོད་རྣམ་གྲངས་ཁག་25ངོ་འཕྲད་གྲོས་མོལ་ལ་ཞུགས་ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་ལས་གཏོད་ཀྱི་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་ལས་སྟེགས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་མཉམ་གཏོད་གཉིས་ཕན་གྱི་དམིགས་ཚད་མངོན་འགྱུར་བྱུང་ནས་མ་འཇོག་མཁན་དང་ལས་གཏོད་མཁན་ལ་འབྲེལ་མཐུད་མཉམ་ལས་ཀྱི་ལས་སྟེགས་བཏོད་པ་དང་སྤུས་ལེགས་ཞབས་འདེགས་ཞུས་ཡོད། དེ་དང་ཆབས་ཅིག་ཁེ་ལས་དང་སློབ་གྲྭར་སྐྱོད་མུས་ཀྱི་སློབ་གྲྭ་ཆེ་མོ་བས་ལས་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་དང་མ་འཇོག་མཁན་དང་ལས་གཏོད་མཁན་དབར་གྱི“མཐའ་མའི་འགག་གནད”མེད་པ་མཐའ་གཅིག་ཏུ་བཟོས་ཡོད། “ངལ་རྩོལ་པས་རང་བདག་ལས་འདེམས་དང་། ཁྲོམ་རས་ལས་ཞུགས་ལེགས་སྒྲིག སྲིད་གཞུང་གིས་ལས་ཞུགས་དང་ལས་གཏོད་ལ་སྐུལ་ལྕག་བྱེད་པའི”བྱེད་ཕྱོགས་གཞིར་བཟུང་། བོད་ལྗོངས་ཀྱིས་གསར་གཏོད་ལས་གཏོད་ཀྱི་གནད་དོན་དཔལ་འབྱོར་འཕེལ་རྒྱས་དང་། མཐའ་མཚམས་བརྟན་ལྷིང་། དམངས་འཚོ་འགན་ལེན། སྤྱི་ཚོགས་ཞི་མཐུན་བཅས་ལ་དོ་ཁུར་བྱེད་པའི་མཐོ་ཚད་ལ་སླེབས་པ་བྱས་ཏེ་སྲིད་ཇུས་འཐུས་ཚང་བཟོ་བ་དང་། ལས་སྟེགས་བཏོད་པ། ཞབས་ཞུ་གསར་གཏོད། ཐབས་ལམ་ཆེར་གཏོང་བཅས་ཟམ་མི་ཆད་པར་བྱས་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ཐད་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད་པ་རེད།
           བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གཞོན་པ་འཕྲིན་ལས་ཉི་མས་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་མཐོ་སློབ་ཏུ་ལས་གཏོད་གསོ་སྦྱོང་རྟེན་གཞི་འཛུགས་རྒྱུ་དང་མིག་སྔར་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ལས་གཏོད་གསོ་སྦྱོང་རྟེན་གཞི་བསྐྲུན་ཟིན་པ་དང་སླད་ཕྱིན་ད་དུང་བོད་ལྗོངས་ཞིང་འབྲོག་སློབ་གླིང་དང་། བོད་ལྗོངས་སློབ་ཆེན། བོད་ལུགས་གསོ་རིག་སློབ་གླིང་སོགས་མཐོ་སློབ་ཏུ་སློབ་ཐོན་སློབ་མའི་ལས་གཏོད་གསོ་སྦྱོང་རྟེན་གཞི་བཙུགས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་དང་ལས་གཏོད་ཡོང་བར་སྐུལ་མ་གཏོང་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།