འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོག་རོང་དམར་པོར་འགྲན་བསྡུར་འཁྲུག་པོ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    བདམས་ཐོན་པས་འགྲན་བསྡུར་ནང་རྐང་འཁོར་གཏོང་བ།
    བདམས་ཐོན་པས་འགྲན་བསྡུར་ནང་རྐང་འཁོར་གཏོང་བ།
           མི་དམངས་དྲ་བའི་འཕྲིན། ལག་པའི་གྲུ་མོ་དང་པུས་མོར་རྨ་རྗེས་གསལ་ལ་མི་གསལ་ཞིག་མཐོང་རྒྱུ་ཡོད་པ་དང་རྨོག་ཞྭའི་འོག་གི་ངོ་གདོང་ལས་ཆུང་བཟོ་དོད་པའི་ཉམས་ཤིག་མངོན། འདི་ལོ་ལོ་18ལ་སླེབས་པའི་ཝང་ལེན་ཅེ་ཡིས་རང་ཉིད་གྲོག་རོང་དམར་པོར་མྱུར་ཚད་མགྱོགས་ཤོས་མྱོང་རོལ་བྱ་རྒྱུར་དགའ་པོ་ཡོད་ཅེས་བཤད།
            ཚེས་12དང་13ཉིན་2017ལོའི་མཚོ་སྔོན་ཁྲི་ཀ་རྒྱལ་ཁབ་ས་གཤིས་སྤྱི་གླིང་རྒྱལ་སྤྱིའི་རྐང་འཁོར་ཐུར་ཐབས་འགྲན་བསྡུར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་བྱེད་འགོ་ཚུགས་པ་དང་། ད་ཐེངས་ཀྱི་འགྲན་བསྡུར་ལ་རྒྱལ་ཁབ་(ས་ཁུལ)15ཡི་རི་ཁུལ་རྐང་འཁོར་ལ་དགའ་མཁན་120ཡི་ཡིད་དབང་བཀུག་ཡོད། ལུས་རྩལ་ཕོ་རྒོད་པ་ཚོས་གཡང་གཟར་གྲོག་རོང་དུ་འགྲན་བསྡུར་བྱས་ནས་རང་ཉིད་ཀྱི་རྩལ་ངོམས།
          “སྒྲིག་ཆས་རྩེ་གྲ་ཞིག་ལས་སེམས་ཁམས་ཡག་པོ་ཞིག་ལྡན་པ་ལྷག རང་གིས་རང་ལ་ཡིད་ཆེས་བྱ་རྒྱུ་དེ་བས་གལ་འགངས་ཆེ”ཞེས་ཝང་ལེན་ཅེ་ཡིས་བཤད། ལོ་16ནས་བཟུང་རི་ཁུལ་རྐང་འཁོར་ལ་དགའ་བའི་ཁོང་གིས་གྲོག་རོང་དམར་པོར་རང་ཉིད་ཀྱི་སྤྲོ་སེམས་དང་བློ་སྟོབས་མངོན་བཞིན་མཆིས།
           ཝང་ལེན་ཅེ་ཡིས་ད་ཐེངས་ཀྱི་འགྲན་བསྡུར་ལ་མིང་གྲལ་མདུན་དུ་སླེབས་པ་བྱས་ཏེ་རང་ཉིད་ཀྱི་རྐང་འཁོར་རུ་ཁག་གི་རོགས་པ་ཚོ་དང་མཉམ་དུ་གཏོང་རྩལ་ངོམས་ནས་འགྲན་བསྡུར་གྱི་ཉམས་མྱོང་དེ་བས་མང་བ་གསོག་རེ་བྱེད་ཀྱི་ཡོད། སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་རི་ཁུལ་དུ་རྐང་འཁོར་གཏོང་བའི་ལུས་རྩལ་ས་ཆ་དེ་བས་མང་བར་ཁྱབ་གདལ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
          འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་འགྲན་བསྡུར་གྱི་འགྲན་ལམ་ས་བབ་ཆ་སྙོམས་སྨི་2000ལས་བརྒལ་ཡོད། འགྲན་བསྡུར་དེ་བས་འགྲན་སློང་ཆེ་བ་དང་ལྟད་མོ་ཆེ་བ་ཡོང་ཆེད། འདི་ལོའི་འགྲན་བསྡུར་ལ་འགྲན་ལམ་ལ་རིམ་སྤོར་སྒྱུར་བཀོད་དང་ལག་རྩལ་ལེགས་སུ་བཏང་ཡོད།
          “རྒྱལ་ཁབ་གཞན་དང་བསྡུར་ཚེ་འདི་གའི་འགྲན་ལམ་གཡང་གཟར་བ་དང་རི་ལམ་གཟར་པོས་འགྲན་བསྡུར་ལ་དེ་བས་འགྲན་སློང་འཕྲད་མོད། འོན་ཀྱང་ལམ་རྒྱུད་ཀྱི་གྲོག་རོང་དམར་པོས་མི་རྣམས་ཀྱི་ཡིད་དབང་རྦད་དེ་བཀུག་ཡོད”ཅེས་ལོ་29ལ་སླེབས་པའི་ཁ་ན་ཏའི་རྐང་འཁོར་བ་ཐེ་མུའར་གྱིས་བཤད།
          པ་ཐེ་མུའར་ལ་ལོ་10ཡི་རི་ཁུལ་རྐང་འཁོར་བཏང་བའི་ཉམས་མྱོང་ལྡན་ཞིང་། ཁོང་ནི་སྐྱེ་ཚལ་འཆར་འགོད་པ་ཞིག་ཡིན་པས་རྒྱུན་དུ་རི་ཆུ་དང་རྩྭ་རྩི་ཤིང་དང་འབྲེལ་བའི་ལས་ཀ་བྱས་སྟབས་གཤིས་ཀ་ལྷིང་པོ་ཞིག་ཡོད། འོན་ཀྱང་ཐུར་བབས་འགྲན་བསྡུར་གྱི་ངར་སྐུལ་དང་ཉེན་མཆོང་ལས་ཁོང་ལ་འཚོ་བའི་མྱོང་ཚོར་གཞན་ཞིག་སྦྱིན།
          “མི་ཚང་མས་རྐང་འཁོར་ལ་རྒྱུས་མངའ་ཡོད་རུང་རི་ཁུལ་རྐང་འཁོར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་རྟོགས་མཁན་ཧ་ཅང་ཉུང་ཉུང་རེད”མཚོ་བོད་ས་མཐོའི་གྲོག་རོང་དམར་པོར་སྤེལ་བའི་ཐུར་བབས་འགྲན་བསྡུར་ལས་མི་སྔར་བས་མང་བས་རི་ཁུལ་གྱི་རྐང་འཁོར་འགྲན་བསྡུར་ལ་རྒྱུས་མངའ་ཐུབ་པ་མ་ཟད། སྐྱོན་བྲལ་དང་ཁོར་ཡུག་སྲུང་སྐྱོང་གི་ལུས་རྩལ་མུ་མཐུད་ཁྱབ་གདལ་ཡང་གཏོང་ཐུབ་ཅེས་པ་ཐེ་མུའར་གྱིས་བཤད།
          ཐུར་བབས་འགྲན་བསྡུར་གྱི་འགོ་འཛུགས་ས་ནི་མུ་འབྲེལ་རི་རྩེར་ཡིན་པ་དང་དེ་ནས་ཐུར་ལ་གཏོང་བ་དང་ཀྱག་ཀྱོག་རི་ལམ་དུ་འགྲན་བསྡུར་བྱེད་རིམ་བཞིན་མི་རྣམས་ལ་ལྟ་བས་མི་ངོམ་པར་སྤྲོ་སྣང་ཞིག་སྦྱིན་པར་བྱེད། འགྲན་ལམ་གཡས་གཡོན་གཉིས་ཀྱི་རི་བོ་དག་ལྟད་མོ་བའི་འགྲན་བསྡུར་བལྟ་ཡུལ་ཡག་ཤོས་སུ་གྱུར་ནས་དགའ་འབོད་རེ་རེ་ལས་འཇམ་ཐིང་ཐིང་གི་གྲོག་རོང་དེ་མ་ཉིད་དུ་སྐད་སྒྲས་ཁེངས།
         ཀུན་གྱི་དོ་སྣང་འོག་བུད་མེད་རྐང་འཁོར་གཏོང་མཁན་ཁྲེན་པེ་ན་ཡིས་བག་ཕེབས་ངང་རྐང་འཁོར་བཞོན་ནས་འགྲན་བསྡུར་ལ་ཞུགས། ཁོང་ནི་འཇར་མན་མུའུ་ནེ་ཧེ་ནས་ཡོང་བའི་རི་ཁུལ་རྐང་འཁོར་གཏོང་མཁན་ཞིག་རེད། “རྐང་འཁོར་བཏང་བ་ལས་རང་ཉིད་ལ་མྱུར་ཚད་ཀྱི་ཚོར་བ་ཞིག་སྦྱིན་པ་ཙམ་མ་ཡིན་པར་རྒྱུན་གཏན་གྱི་བྲེལ་འཚུབ་ཆེ་ལ་རྙོག་འཛིང་ཆེ་བའི་འཚོ་བར་འགྱུར་ལྡོག་གཏོང་རྒྱུ་དེ་ཡིན”ཞེས་ཁྲེན་པེ་ན་ཡིས་བཤད།
          2011ལོ་ནས་བཟུང་རི་ཁུལ་རྐང་འཁོར་ལ་དགའ་བའི་ཁོང་གིས་དེ་གར་རང་བྱུང་ཁམས་ཆེ་མོའི་སྤྲོ་སྣང་མྱོང་རོལ་བྱེད་བཞིན་མཆིས། ཀྱག་ཀྱོག་གི་རི་ལམ་མང་པོ་བརྒྱུད་འགྱིང་ཉམས་དོད་པོས་མཇུག་སྣེར་སླེབས་པའི་ཁོང་གིས་བདེ་བླག་ངང་འགྲན་མཇུག་བསྒྲིལ་བ་རེད།
            “ཀྱག་ཀྱོག་གི་རི་ལམ་མང་པོ་བརྒྱུད་ང་ཚོས་ས་མཐོའི་གྲོག་རོང་དམར་པོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མྱོང་རོལ་ཐུབ་བྱུང”ཞེས་ཁྲེན་པེ་ན་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།