འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་ཕྱོགས་ཀྱི་མི་སྣས་སྡུག་གཅོད་བཏང་བའི་ལོ་རྒྱུས་ལ་བསམ་ཞིབ་བྱེད་དགོས་ཞེས་བཤད་པ། 

    རི་པིན་སྨྱན་སྦྱོར་གྱིས་དངོས་བཤུས་གློག་བརྙན་བསྟན་ནས་731དཔུང་སྡེའི་གཏུམ་སྤྱོད་ཐེར་འདོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་17ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “8·15”རི་པིན་མགོ་བཏགས་ཞུས་པའི་ཉིན་མོ་འཆར་ཉེའི་སྐབས་སུ་ཉིན་ཤས་གོང་རི་པིན་རླུང་འཕྲིན་མཐུན་ཚོགས་ཀྱི་བརྙན་འཕྲིན་ལས་ཁུངས་ཀྱིས་དངོས་བཤུས་གློག་བརྙན་《731དཔུང་སྡེའི་དོན་དངོས་》ཞེས་པ་བསྟན་པ་དང་ལོ་རྒྱུས་ཀྱི་ཡིག་ཆ་དང་རྒྱུས་མངའ་ཡོད་མཁན་གྱིས་ཤོད་པ་སོགས་ཀྱི་ཐོག་ནས་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་སྡིག་ཉེས་ཐེར་འདོན་བྱས་པར་བརྟེན་རི་པིན་གྱི་སྤྱི་ཚོགས་ཐོག་རྒྱ་ཁྱབ་ངང་དོ་ཁུར་ཐོབ་ཡོད།
          དངོས་བཤུས་གློག་བརྙན་ནང་ལེ་ཚན་ཚོགས་ཆུང་གིས་ཨུ་རུ་སུར་ཉར་ཚགས་བྱས་པའི་ལོ་རྒྱུས་དཔྱད་ཡིག་བརྒྱ་གྲངས་ཁ་ཤས་དང་དེ་བཞིན་འཛམ་གླིང་དམག་ཆེན་གཉིས་པའི་ནང་འབུ་ཕྲའི་མཚོན་ཆ་ཞིབ་བཟོ་དང་སྤྱོད་མཁན་རི་པིན་གྱི་དམག་འཁྲུག་ཉེས་ཅན་པར་འདྲི་གཅོད་བྱས་པའི་སྒྲ་ཕབ་ཐོ་བཀོད་རྙེད་ཡོད། ལོ་རྒྱུས་དཔྱད་གཞིའི་ནང་ཀྲུང་གོའི་ཧར་པིན་གྲོང་འདབས་སུ་ཡོད་པའི་731དཔུང་སྡེའི་བཙོན་ཁང་ནང་ཀྲུང་གོ་སོགས་རྒྱལ་ཁབ་མང་པོའི་བཟུང་དམག་བཅུག་ཡོད། ཁོ་པ་ཚོས་མི་དེ་དག་ཚོད་ལྟའི་ལག་ཆར་བྱེད་པའི་སྐོར་བཀོད་ཡོད། དེ་སྔ་731དཔུང་སྡེའི་ལོ་ཆུང་རུ་མི་ཡིན་པའི་སན་ཅའོ་ཝུའུ་ཡིས“དམག་འཁྲུག་ནི་དེ་ལྟ་བུའི་ཡ་ང་སྙིང་རྗེ་མེད་པ་ཞིག་ཡིན་ལ་གཏན་ནས་ཐོན་མི་རུང་བའི་བྱ་བ་ཞིག་ཀྱང་རེད། དེ་ནི་མི་ཆོས་ལས་བྲལ་བའི་བྱེད་སྤྱོད་ཅིག་རེད་སྙམ་གྱི་འདུག”ཅེས་བཤད།
          དངོས་བཤུས་གློག་བརྙན་དེའི་ནང་དེ་སྔའི་731དཔུང་སྡེའི་ཁོངས་མི་མང་པོ་ཞིག་གི་ཞུ་ཚིག་ནང་རི་པིན་དམག་གིས་ཀྲུང་གོར་སྐྱེ་དངོས་མཚོན་ཆ་ཞིབ་འཇུག་དང་མི་གསོན་པོར་ཚོད་ལྟ་བྱེད་པའི་སྡིག་ཉེས་བརྗོད་ཡོད། དམག་དཔུང་གི་སྨན་པ་ཤིས་ཅུན་དབྱིན་གྱིས་ཁོ་པ་ཚོས་དེ་སྔ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཡི་གྲང་ངར་ཆེ་བའི་གནམ་གཤིས་ནང་རླུང་འཁོར་སྤྱད་དེ་མི་གསོན་པོར་ཚོད་ལྟ་བྱས་ནས་ཡ་ང་སྙིང་རྗེ་མེད་པར་འཁྱགས་པ་གཏོང་གི་ཡོད་ཅེས་བཤད་པ་དང་། 731དཔུང་སྡེའི་ཁོངས་སུ་གཏོགས་པའི་ཚང་ཡོན་གྱིས་ཚོད་ལྟ་བྱེད་སའི་མི་ལྔའི་ནང་ནས་ཀྲུང་གོ་བ་གསུམ་གྱི་མཛུབ་མོ་སྨུག་པོ་ཆགས་ནས་མཛུབ་མོའི་ཚིག་ཆག་འགྲོ་བ་དང་མི་གཞན་གཉིས་ཀྱི་པགས་པ་བུད་ནས་མཛུབ་མོའི་ཚིག་ལས་མ་གཏོགས་ལྷག་མི་འདུག་ཅེས་བཤད། 731དཔུང་སྡེའི་པུའུ་དང་པོའི་པུའུ་ཀྲང་ཁྲོན་ཏའོ་ཆིང་གིས་731དཔུང་སྡེས་ཀྲུང་གོའི་གྲོང་ཁྱེར་མང་པོ་ཞིག་ནང་གི་ཀྲུང་གོའི་དཔུང་སྡེར་འབུ་ཕྲའི་མཚོན་ཆ་སྤྱད་པ་དང་འབྲེལ་གྲོང་ཚོ་ལ་ལའི་ཁྲོན་པ་དང་རྫིང་བུའི་ནང་འབུ་ཕྲའི་སྨན་བཤོས་ནས་ཉེས་མེད་མང་ཚོགས་ལ་གནོད་འཚེ་བཏང་བའི་སྐོར་བཤད།
          དངོས་བཤུས་གློག་བརྙན་དེ་བསྟན་རྗེས་རི་པིན་སྤྱི་ཚོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། གདུག་རྩུབ་ཀྱི་དོན་དངོས་དེ་དག་གིས་རི་པིན་གཡས་ཕྱོགས་ཕྱོགས་གཏོགས་ལ་ཕོག་ཐུག་བྱུང་ཞིང་། ཁོང་ཚོས“རི་པིན་རླུང་འཕྲིན་མཐུན་ཚོགས་ཀྱི་བརྙན་འཕྲིན་ལས་ཁུངས་ཀྱིས་དོན་དངོས་འཁྱོག་བཤད”བྱས་ཡོད་ཅེས་བཤད་པ་དང་འབྲེལ་དཔང་རྟགས་བྱེད་མཁན་དེ་སྔའི་731དཔུང་སྡེའི་ཁོངས་མི་དེ་ཚོའི་བསམ་བློ་བསྒྱུར་ཟིན་པའི་ངོས་འཛིན་བྱས་པ་མ་ཟད། གང་ཐུབ་ཅི་ཐུབ་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་ཁས་ལེན་གྱི་མེད། འོན་ཀྱང་དེ་དང་ཆབས་ཅིག་རི་པིན་བ་མང་པོ་ཞིག་གིས་ལོ་རྒྱུས་ལ་བསམ་ཞིབ་བྱེད་འགོ་ཚུགས་ཤིང་། རི་པིན་གྱི་དྲ་གྲོགས་ལ་ལས་དཔང་རྟགས་ཁུངས་བཙན་གྱི་ཞུ་ཚིག་དེ་དག་མཐོང་སྐབས་ཡ་ང་བའི་དམག་འཁྲུག་གི་ལོ་རྒྱུས་བསྐྱར་ལོག་བྱེད་མི་རུང་ཞེས་བཤད།
          “རི་ཀྲུང་མཛའ་གྲོགས་8·15ཚོགས་པའི”འཐུས་མི་ལས་འཛིན་ཁྲུང་སུང་ཤིན་ཕུའུ་ཡིས་གསར་འགོད་པར་རི་པིན་རླུང་འཕྲིན་མཐུན་ཚོགས་ཀྱི་བརྙན་འཕྲིན་ལས་ཁུངས་ཀྱིས་དངོས་བཤུས་གློག་བརྙན་དེ་བསྟན་པ་དེ་ནི་བློ་སྟོབས་ལྡན་པ་ཞིག་རེད་ཅེས་བཤད། ཁོང་གིས་731དཔུང་སྡེའི་དོན་དངོས་དེ་རི་པིན་དུ་གླེང་མི་ཕོད་པའི་ལོ་རྒྱུས་ཤིག་རེད། འོན་ཀྱང་ལོ་རྒྱུས་དེ་མི་ཀུན་གྱིས་ངེས་པར་དུ་ཤེས་དགོས། རི་པིན་དམངས་ཚོགས་ཚོས་རི་པིན་དམག་གིས་དེ་སྔ་བསགས་པའི་སྡིག་ཉེས་ངེས་པར་དུ་ཤེས་པ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
          ཐུན་མོང་གསར་འགྱུར་ཁང་གི་གདན་ཞུས་དཔྱད་གཏམ་པ་ཀང་ཐན་ཁྲུང་གིས་རང་ཉིད་ཀྱིས་སྔ་ས་ནས་731དཔུང་སྡེའི་གདུག་རྩུབ་བྱེད་སྤྱོད་རྟོགས་ཀྱི་ཡོད། འོན་ཀྱང་དམག་འཁྲུག་ནང་ཞུགས་མཁན་གྱི་དཔང་ཚིག་ཉན་ཐེངས་དང་པོ་ཡིན་ཞེས་བཤད། ཁོང་གིས་《ནན་ཅིན་དམར་གསོད་ཆེ་མོའི་ཡིག་ཚགས་》དང་འདྲ་བར་731དཔུང་སྡེའི་འབྲེལ་ཡོད་གདུག་རྩུབ་བྱེད་སྤྱོད་བཀོད་པའི་ཟིན་ཐོ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཁས་ལེན་བྱེད་པའི་འཛམ་གླིང་ཐོ་འགོད་ཤུལ་བཞག་ཏུ་རེ་ཞུ་བྱས་ནས་གཏན་འཁེལ་བྱེད་དགོས་པའི་ངོས་འཛིན་བྱས།
          ཁྲང་ཆི་ཉིང་རྡུལ་འབར་གས་ནང་གནོད་འཚེ་ཕོག་པའི་ཧྲའོ་ཀྲང་གྲོགས་ཚོགས་ཀྱི་ཚོགས་གཙོ་ཅིང་ཡོན་ཏུང་དབྱང་དབྱི་ཡིས་ཟླ་8ཚེས་15ཉིན་དེ་ཡང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་རི་པིན་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་འོག་ནས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཞིག་རེད་ཅེས་བཤད། ཀོང་ཏའོ་དང་ཁྲང་ཆིང་ཉིང་རྡུལ་འབར་གས་ནང་གི་ཡ་ང་བའི་གནོད་འཚེའི་གནས་ཚུལ་དྲན་གསོ་བྱེད་པ་དང་ཆབས་ཅིག་རྒྱུན་དུ་རང་ཉིད་ལ་བཙན་འཛུལ་གྱི་ལོ་རྒྱུས་བརྗེད་མི་རུང་བའི་དྲན་སྐུལ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།