འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་རང་རྒྱལ་གྱི་རྒྱལ་སྤྱིའི་ཡུལ་སྐོར་ཡོང་མང་འགྲོ་ཉུང་གི་ཧེ་བག་རྒྱུན་འཁྱོངས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན་གསར་འགོད་པར་རྒྱལ་ཁབ་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་6950ལ་སྣེ་ལེན་ཞུས་པ་དང་ཕྱི་རྒྱལ་དུ་སྐྱོད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་6203ཟིན་ནས་རང་རྒྱལ་དུ་ཡོང་མཁན་ཡུལ་སྐོར་བའི་གྲངས་འབོར་དེ་ཕྱི་རྒྱལ་དུ་སྐྱོད་མཁན་ཡུལ་སྐོར་བའི་གྲངས་འབོར་ལས་མི་ཐེངས་ཁྲི་747ལྷག་ཙམ་མང་བས་རྒྱལ་སྤྱིའི་ཡུལ་སྐོར་ཡོང་མང་འགྲོ་ཉུང་གི་ཧེ་བག་རྒྱུན་འཁྱོངས་ཐུབ་ཡོད།
         རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་སོགས་ཀྱི་རྒྱུ་རྐྱེན་ལས་རང་རྒྱལ་དུ་ཡོང་མཁན་གྱི་ཡུལ་སྐོར་ཁྲོམ་ར་སྐབས་ཤིག་རིང་ལེགས་སྒྲིག་བྱེད་པའི་མཚམས་སུ་སླེབས་ཡོད། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལས་རིགས་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག་རང་རྒྱལ་དུ་ཡོང་མཁན་གྱི་ཡུལ་སྐོར་ཁྲོམ་ར་འཕར་ཆག་མངོན་གསལ་དོད་པོས་ཆུང་དུ་སོང་ནས་རྒྱལ་སྤྱིའི་ཡུལ་སྐོར་ཡོང་འབབ་འཕར་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། 2016ལོར་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.38ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་དང་བསྡུར་ན་3.5%འཕར་བ་དང་། རྒྱལ་སྤྱིའི་ཡུལ་སྐོར་ཡོང་འབབ་ཨ་སྒོར་དུང་ཕྱུར་1200ཟིན་པ་དེ་དུས་མཚུངས་དང་བསྡུར་ན་5.6%འཕར་ཡོད། ལོ་དེ་གར་མངའ་ཁོངས་སྒྲོལ་བའི་ཡུལ་སྐོར་འགྲོ་གྲོན་ཨ་སྒོར་དུང་ཕྱུར་1098བཏང་བས་ཡུལ་སྐོར་གྱི་གཏོང་ཉུང་ཡོང་མང་གི་ཧེ་བག་ཨ་སྒོར་དུང་ཕྱུར་102ཟིན་ཡོད།
         རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རང་རྒྱལ་དུ་ཡོང་བའི་ཡུལ་སྐོར་དེ་དངུལ་རྩའི་ཉམས་ཉེན་རྗེས་ཀྱི་ཉམས་རྒུད་དུས་ལས་སྒྲོལ་བ་དང་། ད་ལྟ་ཁྱོན་ཡོངས་ཀྱི་སླར་གསོ་ནས་རྒྱུན་མཐུད་ངང་འཕར་བའི་དུས་མཚམས་གསར་པར་སླེབས་པ། ཕྱིར་ཡུལ་སྐོར་དུ་བསྐྱོད་རྒྱུ་དེ་འཕེལ་རྒྱས་མྱུར་པོ་ནས་བརྟན་པོའི་ངང་འཕར་བའི་རྣམ་པར་སླེབས་པས། རང་རྒྱལ་གྱི་རྒྱལ་སྤྱིའི་ཡུལ་སྐོར་ཡོང་མང་འགྲོ་ཉུང་གི་ཧེ་བག་སྔར་བས་ཆེ་རུ་འགྲོ་རེ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།