འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཁུའུ་པུ་ཆི་རྒྱལ་སྤྱིའི་བྱེ་ཐང་གླེང་སྟེགས་སྐབས་དྲུག་པ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན། “ལྗང་མདོག‘རྒྱུད་གཅིག་ལམ་གཅིག’བྱེ་ཐང་དཔལ་འབྱོར་མཉམ་སྤྱོད”ཀྱིས་བརྗོད་དོན་གཙོ་བོ་བྱས་པའི་ཁུའུ་པུ་ཆི་རྒྱལ་སྤྱིའི་བྱེ་ཐང་གླེང་སྟེགས་སྐབས་དྲུག་པ་ནང་སོག་ཏུ་འཚོགས་ཤིང་། དུས་ཡུན་ཉིན་གཉིས་ཀྱི་གླེང་སྟེགས་ཐོག་རྒྱལ་ཁབ་དང་ས་ཁུལ་30ལྷག་ནས་སླེབས་པའི་ཆབ་སྲིད་མི་སྣ་གལ་ཆེན་དང་། ཁེ་ལས་མཁས་པ། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཀྱིས་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”ལ་ཞུགས་པའི་རྒྱལ་ཁབ་ཀྱི་བྱེ་ཐང་ཅན་འགོག་བཅོས་མཉམ་ལས་དང་དེ་བཞིན་བྱེ་ཐང་གི་སྣོད་བཅུད་ཚན་རྩལ་གསར་གཏོད་ཀྱི་ཉམས་མྱོང་གསར་པ་སྤེལ་རེས་བྱས་ཏེ་ལྗང་མདོག་དངུལ་རྩའི་གསར་གཏོད་འཕེལ་རྒྱས་དང་དེ་བཞིན་བྱེ་ཐང་འགོག་བཅོས་དང་དབུལ་སྒྲོལ་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་རེད།
         རང་རྒྱལ་ནི་འཛམ་གླིང་ཐོག་བྱེ་ཐང་ཅན་དང་བྱེ་འགྱུར་གྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་བྱེ་ཐང་ཅན་འགོག་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ས་ཞིང་ཞན་འགྱུར་སྔོན་འགོག་བྱེད་པའི་དམིགས་ཚད་སྔོན་ལ་མངོན་འགྱུར་བྱུང་ཡོད། ཁུའུ་པུ་ཆི་བྱེ་ཐང་མཚོན་བྱེད་དུ་བྱས་པའི་ནང་སོག་གི་བྱེ་ཐང་ཅན་དང་བྱེ་འགྱུར་ས་ཆར་ལོ་མང་རིང་རྒྱུན་ཆད་མེད་པར་བཅོས་སྐྱོང་བྱས་པ་བརྒྱུད། བྱེ་ཐང་ཅན་དུ་འགྱུར་ཚད་སྤྱིའི་ཆ་ནས་སྔོན་འགོག་ནུས་ལྡན་ཐུབ་པ་དང་། བྱེ་ཐང་ཅན་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་གཉིས་ཀ་ལོ་10བསྟུད་མར་ཆུང་དུ་ཕྱིན་པ། ནགས་ཚལ་ཁྱབ་ཁྱོན་དང་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཁྱོན་གཉིས་ཀ་ཆེ་རུ་སོང་བ། གཙོ་གནད་བཅོས་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ས་ཁུལ་ཁག་གཅིག་ཏུ“བྱེ་ཐང་ཅན་སྔོ་ལྗང་ཁུལ་དུ་འགྱུར་བའི”དགའ་འོས་པའི་རྣམ་པ་ཐོན་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་བྱེ་ཐང་ཅན་འགོག་བཅོས་སྤྱི་ཆིངས་རྩ་འཛུགས་དང་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱི་འཐུས་མིས་ཁུའུ་པུ་ཆི་བྱེ་ཐང་ཅན་འགོག་བཅོས་བྱས་པ་དེས་འཛམ་བུ་གླིང་ལ་མིག་དཔེ་བསྟན་པ་དང“ཁྲོམ་ར་ཅན་དང་། ཐོན་ལས་ཅན། སྤྱི་ཕན་ཅན་བཅས་ཀྱི”བྱེ་བཅོས་ཉམས་མྱོང་བསགས་པ་མ་ཟད། “བྱེ་བཅོས་དང་། སྣོད་བཅུད། དམངས་འཚོ། དཔལ་འབྱོར་བཅས”དོ་སྙོམས་ལ་སྐུལ་འདེད་གཏོང་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཀྱང་འཚོལ་ཞིབ་ཐུབ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ཐད་ཀྲུང་གོའི་ཉམས་མྱོང་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད།
         སླད་ཕྱིན། རང་རྒྱལ་གྱིས་ཚན་རིག་ལག་རྩལ་ཞིབ་འཇུག་དང་འདུས་གྲུབ་ལག་རྩལ་གསར་སྤེལ་དང་ཚན་རྩལ་གྲུབ་འབྲས་ཁྱབ་གདལ་བེད་སྤྱོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བྱེ་འགོག་བྱེ་བཅོས་ཀྱི་ལག་རྩལ་དང་ཚད་གཞིའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད“རྒྱུད་གཅིག་ལམ་གཅིག”གི་བྱེ་ཐང་ཅན་འགོག་བཅོས་ཀྱི་ཚན་རྩལ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།