འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་རྩི་ཤིང་རིག་པའི་ཚོགས་ཆེན་སྐབས་བཅུ་དགུ་པ་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན། དུས་ཡུན་ཉིན་7ཡིན་པའི་རྒྱལ་སྤྱིའི་རྩི་ཤིང་རིག་པའི་ཚོགས་ཆེན་སྐབས་བཅུ་དགུ་པ་ཟླ་7ཚེས་29ཉིན་ཧྲེན་ཀྲེན་དུ་གྲོལ་ཞིང་། 《རྩི་ཤིང་ཚན་རིག་སྐོར་གྱི་ཧྲེན་ཀྲེན་གྱི་བསྒྲགས་གཏམ་》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།
         སྐབས་འདིའི་ཚོགས་ཆེན་གྱི་གཞི་ཁྱོན་སྔར་བྱུང་མྱོང་མེད་ཅིང་། རྒྱལ་སྤྱིའི་རྩི་ཤིང་རིག་པའི་ཚོགས་ཆེན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སྟེ་ཀྲུང་གོའི་ཧྲེན་ཀྲེན་དུ་ཐོག་མར་འཚོགས་ནས་གོ་ལ་ཧྲིལ་པོའི་རིགས་གཅིག་མཁས་ཅན་དང་། མཁས་དབང་། གཞོན་ནུ་སློབ་མ་བཅས་6850ལྷག་ཙམ་དང་འགྲེམས་ཞུགས་ཚོང་དུད་117ཚོགས་འདུར་ཞུགས་ནས་ཚོགས་ཞུགས་མི་སྣ་དང་འགྲེམས་ཞུགས་ཚོང་པ་ཚང་མ་སྐབས་གོང་མ་ལས་མང་བ་ཡོད།
         ཚོགས་ཆེན་གྲ་སྒྲིག་བྱེད་དུས་ནས་བཟུང་མང་ཚོགས་ཞུགས་ཚད་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཚོགས་ཆེན་འགོ་ཚུགས་པ་ནས་བཟུང་ཚོགས་ཆེན་གྱིས་མང་ཚོགས་ལ་ཕྱོགས་པའི་སྙན་སྒྲོན་ཁག་5དང་ཧྲེན་ཀྲེན་གྱི་གླེང་སྟེགས་1ལ་གྲོང་མི་6200ལྷག་ཙམ་ཞུགས་ཡོད། ཆེད་ལས་འགྲེམས་སྟོན་132དང་སྤྱི་ཕན་རང་བཞིན་གྱི་འགྲེམས་སྟོན་ཆེ་གྲས་ཁག་6བྱས་པར་མང་ཚོགས་མི་ཐེངས་5500ཞུགས་ཡོད།
         མཇུག་འགྲིལ་ཚོགས་འདུའི་ཐོག་《རྩི་ཤིང་ཚན་རིག་སྐོར་གྱི་ཧྲེན་ཀྲེན་གྱི་བསྒྲགས་གཏམ་》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། བསྒྲགས་གཏམ་ནང་བྱ་སྤྱོད་སྤེལ་དགོས་པའི་འབོད་སྐུལ་བྱས་པ་དང་དམིགས་བསལ་ཁྱབ་ཁོངས་7ལ་བྱ་སྤྱོད་ཀྱི་ཐབས་ཇུས་བཟོ་དགོས་ལུགས་བཏོན་པའི་ནང་རྩི་ཤིང་ལ་ཚན་རིག་དང་མཐུན་པའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཚུད་ཡོད།
         ཚོགས་ཆེན་ཐོག་རྒྱལ་སྤྱིའི་རྩི་ཤིང་རིགས་དབྱེ་སློབ་ཚོགས་དང་ཀྲུང་གོ་རྩི་ཤིང་སློབ་ཚོགས་ཀྱིས་ཐུན་མོང་ཐོག་རྒྱལ་སྤྱིའི་རྩི་ཤིང་རིག་པའི་རིགས་དབྱེ་སློབ་ཚོགས་ཀྱི་ཀྲུང་གོའི་གཞུང་ལས་ཁང་འཛུགས་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།
         མཇུག་འགྲིལ་ཚོགས་འདུའི་ཐོག་ད་དུང་གལ་ཆེའི་བྱ་དགའ་རིགས་གཉིས་ཁྱབ་བསྒྲགས་བྱས་པའི་ནང་རྒྱལ་སྤྱིའི་རྩི་ཤིང་རིག་པའི་ཚོགས་ཆེན་སྐབས་བཅུ་དགུ་པའི་མཚན་འཛིན་ཀྲུའུ་ཞི་ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲེ་ཧུང་ཏེ་ཡོན་ལ་ཨེན་ཁེ་ལེའི་གསེར་གྱི་བྱ་དགའ་ཐོབ་པ་དང་ཚོགས་ཆེན་གྱི་མཚན་འཛིན་ཀྲུའུ་ཞི་འཛམ་གླིང་གི་གྲགས་ཅན་རྩི་ཤིང་མཁས་ཅན་པི་ཏེ·ལེ་ཝུན་ལ་ཧྲེན་ཀྲེན་རྒྱལ་སྤྱིའི་རྩི་ཤིང་གི་ཚན་རིག་བྱ་དགའ་ཐོག་མ་དེ་ཐོབ་པ་ཚུད་ཡོད།
         བརྗོད་རིན་ཡོད་པ་ཞིག་ནི་སྐབས་འདིའི་ཚོགས་ཆེན་ལ་ཕུལ་བྱུང་མཁས་དབང་གི་བྱ་དགའ་ཐོབ་མཁན་284དང་ཕུལ་བྱུང་སློབ་མའི་བྱ་དགའ་ཐོབ་མཁན་208ཡོད་པ་ཚང་མ་རྒྱལ་ཁབ་དང་ས་ཁུལ་64ནས་སླེབས་པ་ཤ་སྟག་ཡིན་པ་དང་བྱ་དགའི་དངུལ་བསྡོམས་མི་དམངས་ཤོག་སྒོར་ཁྲི་230ཟིན་པ་དང་བྱ་དགའ་ཐོབ་མཁན་52%འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནས་རེད།
         ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཧྲེན་ཀྲེན་གྲོང་ཨུད་ཀྱི་རྒྱུན་ཨུ་ལིའུ་ཆིང་ཧྲེང་གིས་སྐབས་འདིའི་ཚོགས་ཆེན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་ཁྱབ་བསྒྲགས་བྱས་པའི་《ཧྲེན་ཀྲེན་གྱི་བསྒྲགས་གཏམ་》འདི་རྩི་ཤིང་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཏུ་གྱུར་པ་དང་ཡུན་རིང་བཙུགས་པའི“ཧྲེན་ཀྲེན་རྒྱལ་སྤྱིའི་རྩི་ཤིང་ཚན་རིག་གི་བྱ་དགའ”རྩི་ཤིང་ཚན་རིག་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན་རྒྱལ་ཁབ་ཁག་གི་ཚན་རིག་མཁས་ཅན་ལ་སྤྲོད་རྒྱུ་ཡིན་པ་དང་ཚོགས་ཆེན་གྱི་དྲན་གསོ་ཁང་གིས་ཚོགས་ཆེན་གྱི་ལས་སྟེགས་ཆེན་པོ་ཞིག་གཏོད་རྒྱུ་རེད། “སྐབས་འདིའི་ཚོགས་ཆེན་ལས་ཤུགས་རྐྱེན་གཏིང་ཟབ་ཐེབས་ནས་ལྗང་མདོག་ལ་བརྟེན་ནས་འབྱུང་འགྱུར་གསར་གཏོད་བསམ་པ་མི་སེམས་ལ་དེ་བས་ཟུག་སྟེ་མིའི་རིགས་ཀྱི་སྤྱི་ཚོགས་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ངེས་རེད”ཅེས་བཤད།
         ཚོགས་ཆེན་ཐོག་རྒྱལ་སྤྱིའི་རྩི་ཤིང་རིག་པའི་ཚོགས་ཆེན་སྐབས་ཉི་ཤུ་པ་2023ལོར་པར་ཙིར་གྱི་གྲོང་ཁྱེར་ལི་གཡོད་དུ་འཚོག་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།