འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕར་བའི་ཐད་སྔོན་
    དཔག་བྱེད་ཚད་སླར་ཡང་མཐོ་རུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་(IMF)ཀྱིས་མ་ལེ་ཞི་ཡའི་རྒྱལ་ས་ཁྭ་ལ་ལུམ་ཕུར་དུ་《འཛམ་གླིང་དཔལ་འབྱོར་གྱི་སྔོན་དཔག་སྙན་ཞུ་》ཡོངས་བསྒྲགས་བྱས་ནས་ནང་དོན་གསར་བརྗེས་བྱས་པ་སྟེ། ཀྲུང་གོའི་འདི་ལོ་དང་ཕྱི་ལོའི་དཔལ་འབྱོར་འཕར་བའི་ཐད་སྔོན་དཔག་བྱེད་ཚད་བརྒྱ་ཆའི་གྲངས་0.1དང་0.2ནས་6.7%དང་6.4%བར་སོ་སོར་མཐོ་རུ་བཏང་བ་དེ་རེད།
           འདི་ནི་IMFཡིས་འདི་ལོ་ཀྲུང་གོའི་2017ལོའི་དཔལ་འབྱོར་སླར་ཡང་འཕར་བའི་ཐད་སྔོན་དཔག་བྱེད་ཚད་མཐོ་རུ་གཏོང་ཐེངས་གསུམ་པ་རེད། IMFཡིས་ད་རེས་ཀྱི་ཀྲུང་གོའི་དཔལ་འབྱོར་འཕར་བའི་ཐད་སྔོན་དཔག་བྱེད་ཚད་མཐོ་རུ་བཏང་བ་ནི་གཙོ་བོ་འདི་ལོའི་དུས་ཚིགས་དང་པོའི་ཀྲུང་གོའི་དཔལ་འབྱོར་འཕར་ཤུགས་ཆེ་བ་མ་ཟད། ད་དུང་འབྱུང་འགྱུར་ནོར་སྲིད་ཀྱི་རྒྱབ་སྐྱོར་མུ་མཐུད་ཐོབ་རྒྱུའི་རེ་བ་ཡོད་པར་བསམ་གཞིག་བྱས་པ་ཞིག་ཡིན་ཞེས་བསྟན་པ་རེད།
           IMFཡིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་མུ་མཐུད་སླར་གསོ་ཡོང་རྒྱུ་ཡིན་ཞིང་། འདི་ལོ་དང་ཕྱི་ལོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་3.5%དང་3.6%སོ་སོར་ཟིན་རྒྱུ་ཡིན་པ་དེ་ཟླ་བཞི་པའི་སྔོན་དཔག་གྲངས་གཞི་དང་གཅིག་མཚུངས་ཡིན་པའི་ངོས་འཛིན་བྱས་པ་རེད།
          སྙན་ཞུའི་ནང་འདི་ལོ་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱི་དཔལ་འབྱོར་འཕར་ཚད་2%ཟིན་པ་དེ་ཟླ་བ་བཞི་པའི་སྔོན་དཔག་གྲངས་གཞི་དང་གཅིག་མཚུངས་ཡིན་པ་དང་། ཕྱི་ལོའི་དཔལ་འབྱོར་འཕར་ཚད་ཟླ་བ་བཞི་པའི་སྔོན་དཔག་གྲངས་གཞི་དང་བསྡུར་ན་བརྒྱ་ཆའི་གྲངས་0.1ནས་1.9%བར་ཆག་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད། དེའི་ནང་ཨ་རིའི་དཔལ་འབྱོར་སྔོན་དཔག་བྱས་ན་འདི་ལོ་དང་ཕྱི་ལོ་ཆ་སྙོམས་2.1%འཕར་རྒྱུ་དེ་ཟླ་བཞི་པའི་སྔོན་དཔག་གྲངས་གཞི་དང་བསྡུར་ན་བརྒྱ་ཆའི་གྲངས་0.2དང་0.4སོ་སོར་ཆག་ཡོད། IMFཡིས་འདི་ལོའི་དུས་ཚིགས་དང་པོར་ཨ་རིའི་དཔལ་འབྱོར་འཕར་ཤུགས་ཅུང་ཆུང་བ་མ་ཟད། ཨ་རི་སྲིད་གཞུང་གིས་ནང་མོལ་བྱས་ནས་བཏོན་པའི་རྒྱ་སྐྱེད་རང་བཞིན་གྱི་ནོར་སྲིད་སྲིད་ཇུས་ལག་ལེན་བསྟར་ཤུགས་དེ་སྔོན་དཔག་བྱས་པ་ལས་ཆུང་བ་ནི་ཨ་རིའི་དཔལ་འབྱོར་འཕར་བའི་ཐད་སྔོན་དཔག་བྱེད་ཚད་དམའ་རུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད་ཅེས་བསྟན་པ་རེད།
           གཞན་ཡང་ཡོ་སྒོར་ཁུལ་གྱི་འདི་ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཕར་ཤུགས་སྔོན་དཔག་བྱས་པ་དང་བསྡུར་ན་ཆེ་བ་མ་ཟད་ཆབ་སྲིད་ཀྱི་གཏན་འཁེལ་མེད་པའི་རང་བཞིན་ཡང་ཅུང་ཆུང་དུ་སོང་བར་བསམ་གཞིག་བྱས་ཏེ་IMFཡིས་ཡོ་སྒོར་ཁུལ་གྱི་འདི་ལོ་དང་ཕྱི་ལོའི་དཔལ་འབྱོར་འཕར་བའི་ཐད་སྔོན་དཔག་བྱེད་ཚད་བརྒྱ་ཆའི་གྲངས་0.2དང་0.1ནས་1.9%དང་1.7%བར་མཐོ་རུ་གཏོང་རྒྱུ་རེད།
           སྙན་ཞུའི་ནང་གསར་དར་དཔལ་འབྱོར་དངོས་ཚན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འདི་ལོའི་དཔལ་འབྱོར་འཕར་ཚད་4.6%ཟིན་རྒྱུ་ཡིན་པ་དེ་ཟླ་བ་བཞི་པའི་སྔོན་དཔག་གྲངས་གཞི་དང་བསྡུར་ན་བརྒྱ་ཆའི་གྲངས་0.1གིས་མཐོ་བ་ཡོད་པ་དང་སང་ལོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་སྔར་རྒྱུན་བཞིན་4.8%བར་གནས་རྒྱུ་རེད་ཅེས་སྔོན་དཔག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།