འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྭ་གཞོན་ནུ་ལོ་ཆུང་མཉམ་དཀྲོལ་རོལ་དབྱངས་ཚོགས་པས་ཉིའུ་གཡོད་དུ་བྱས་པའི་འཁྲབ་
    སྟོན་དང་པོར་ལམ་ལྷོངས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན་གྱི་དགོང་མོ་མི་150ལས་གྲུབ་པའི་ཀྲུང་ཧྭ་གཞོན་ནུ་ལོ་ཆུང་མཉམ་དཀྲོལ་རོལ་དབྱངས་ཚོགས་པས་ཨ་རིའི་ཉིའུ་གཡོད་ཀྱི་ཁ་ནེ་ཅི་རོལ་དབྱངས་ཚོམས་ཆེན་དུ་བྱས་པའི་འཁྲབ་སྟོན་དང་པོ་ལམ་ལྷོངས་བྱུང་བ་རེད། རྒྱལ་སྤྱིའི་རོལ་དབྱངས་ལས་རིགས་སུ་སྐད་གྲགས་ཤིན་ཏུ་ཆོད་པའི་ཀྲུང་གོའི་བུད་མེད་ཀང་ཆིན་མཁས་ཅན་ཝང་ཡུས་ཅ་སླེབས་པར་བརྟེན་རོལ་དབྱངས་ཚོམས་ཆེན་གྱི་རྐུབ་སྟེགས་2800ལྷག་ཙམ་ཚང་མ་ཁེངས་ཡོད།
            ཤིའི་ཡ་ཐུའུ་མཉམ་དཀྲོལ་རོལ་དབྱངས་ཚོགས་པའི་དབུ་ཞུགས་བཀོད་འདོམས་པ་ལུའུ་ཏུའོ་ཝེ་ཁེ·མོའོ་ལུའོ་ཡི་བཀོད་འདོམས་འོག་ཀྲུང་ཧྭ་གཞོན་ནུ་ལོ་ཆུང་མཉམ་དཀྲོལ་རོལ་དབྱངས་ཚོགས་པས་དང་ཐོག་ལྟད་མོ་བར་ཨ་རིའི་ཕྱི་ཁོངས་ཀྲུང་གོ་བའི་རྒྱུད་པ་གཞས་གདངས་རྩོམ་མཁན་ཀྲོའུ་ལུང་གི་《རྔ་སྒྲ་》ཞེས་པ་དཀྲོལ་གཏོང་བྱས། དེ་ནི་ནང་བསྟན་ཆོས་ལུགས་ཀྱི་རྔ་སྒྲས་གཞི་རྒྱུ་དང་དལ་ལྷོད་འཚམ་ལ་ཟིལ་ཤུགས་ཆེན་པོ་ལྡན་པའི་བརྩམས་ཆོས་ཤིག་རེད། རོལ་ཆ་དཀྲོལ་གཏོང་མཇུག་འགྲིལ་རྗེས་ཀྲོའུ་ལུང་གིས་ཆེད་མངགས་གར་སྟེགས་སུ་བསྐྱོད་ནས་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུས་པ་རེད།
           དེ་རྗེས་རོལ་དབྱངས་ཚོགས་པ་དེ་དང་ཝང་ཡུས་ཅ་ཡིས་མཉམ་དུ་ཁྲའེ་ཁེ་ཧྥུའུ་སི་ཅིའི་《ཀང་ཆིན་གྱི་རམ་འདེགས་རོལ་དབྱངས་དང་པོ་》དཀྲོལ་གཏོང་བྱས་པ་དང་ཡང་རོལ་དབྱངས་ཚོགས་པ་དེས་ཏེ་ཝུའོ་ཤ་ཁེའི་མཉམ་དཀྲོལ་རོལ་དབྱངས་དགུ་པ་《ཙི་ཤིན་ཏ་ལུའུ་》དཀྲོལ་གཏོང་བྱས་པ་རེད།
            ཁ་ནེ་ཅི་རོལ་དབྱངས་ཚོམས་ཆེན་ནི་ཀྲུང་ཧྭ་གཞོན་ནུ་ལོ་ཆུང་མཉམ་དཀྲོལ་རོལ་དབྱངས་ཚོགས་པས་འདི་ལོའི་དབྱར་ཁར་ཨ་རིའི་ས་ཆ་བཞི་རུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པའི་ས་ཆ་དང་པོ་དེ་རེད། ཁོང་ཚོས་རྒྱལ་ནང་དུ་ལོག་རྗེས་པེ་ཅིང་རོལ་དབྱངས་ཚོམས་ཆེན་དང་། ཧྲང་ཧའེ་ཤར་ཕྱོགས་སྒྱུ་རྩལ་ལྟེ་གནས། སུའུ་ཀྲོའུ་རིག་གནས་སྒྱུ་རྩལ་ལྟེ་གནས་སོགས་སུ་མུ་མཐུད་འཁྲབ་སྟོན་བྱ་རྒྱུ་རེད། ད་དུང་ཨ་རིའི་ཀང་ཆིན་མཁས་ཅན་ཨོར་ཅ·ཁོ་ཨེན་སྐོར་སྐྱོད་འཁྲབ་སྟོན་ལ་གདན་ཞུ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།