འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་གསུམ་གྱིས་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་མང་དུ་བཏང་ནས་རྒྱུ་ནོར་ཁེ་འབབ་ཀྱི་
    དབུལ་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 《དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་》(གཤམ་དུ་《གཏན་འབེབས་》ཞེས་བསྡུ་རྒྱུ)ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ས་ཁུལ་ཁག་ལ་རྒྱུ་ནོར་ཁེ་འབབ་ཀྱི་དབུལ་སྐྱོར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས་མང་ཚོགས་དབུལ་པོའི་ཐོབ་ཚོར་དེ་བས་ཆེ་རུ་གཏོང་ཆེད། ནོར་སྲིད་པུས་ཞིང་ལས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་མཉམ་དུ་《ནོར་སྲིད་ཞིང་སྐྱོར་མ་དངུལ་ལ་བརྟེན་ནས་རྒྱུ་ནོར་ཁེ་འབབ་ཀྱི་དབུལ་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཡག་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་པ་རེད། 《བརྡ་ཐོའི་》ནང་མིག་སྔའི་རྒྱུ་ནོར་ཁེ་འབབ་ཀྱི་དབུལ་སྐྱོར་ལས་དོན་ཁྲོད་གནས་པའི་དུད་ཚང་དབུལ་པོར་སྐུལ་ཁྲིད་བྱེད་ཤུགས་ཆུང་བ་དང་ཕན་པ་ཐོབ་ཉུང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་ཞིབ་འཇུག་དང་འཐུས་ཚང་དུ་བཏང་བ་མ་ཟད། འབྲེལ་ཡོད་ལས་ཀའི་བླང་བྱའང་ཞིབ་ཚགས་སུ་བཏང་ཡོད་པ་རེད།
          ནོར་སྲིད་པུའུ་ཞིང་ལས་སིའི་འབྲེལ་ཡོད་འགན་འཁུར་བས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“མི་འབོར་དབུལ་པོར་རྒྱུ་ནོར་ཁེ་འབབ་ཀྱི་དབུལ་སྐྱོར་ལམ་ལུགས་ལག་ལེན་བསྟར་རྒྱུ་འཚོལ་ཞིབ་བྱེད་དགོས”ཞེས་བཏོན་ཡོད། 《གཏན་འབེབས་》ནང་རྒྱུ་ནོར་ཁེ་འབབ་ཀྱི་དབུལ་སྐྱོར་བྱ་ཐབས་འཚོལ་ཞིབ་བྱེད་དགོས་པའི་བླང་བྱ་དེ་བས་ཁ་གསལ་བཏོན་ཡོད་པ་སྟེ། “སྤྱོད་ཡུལ་འགྱུར་ལྡོག་མ་བཏང་བའི་གནས་ཚུལ་འོག་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དང་ཞིང་འབྲེལ་མ་དངུལ་གཞན་སྒྲིག་བཀོད་ཞིང་ལས་དང་། གསོ་ཚགས། འོད་ཤུགས། ཆུ་གློག གྲོང་གསེབ་ཡུལ་སྐོར་སོགས་རྣམ་གྲངས་ཀྱི་མ་རྩར་གཏོང་དགོས་པ་དང་། ཆ་རྐྱེན་འཛོམས་ཚེ་མ་རྐང་ལ་ཕབ་ནས་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོ་དང་ལྷག་དོན་དུ་ངལ་ནུས་ཤོར་བའི་དུད་ཚང་དབུལ་པོར་ཚད་གཞི་ལྟར་སྤྲོད་དགོས”ཞེས་པ་དེ་རེད་ཅེས་ངོ་སྤྲོད་བྱས།
          《གཏན་འབེབས་》བཀྲམ་པ་ནས་བཟུང་། ས་ཁུལ་ཁག་གིས་ཡུལ་དེ་གའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དོན་དངོས་གཞིར་བཟུང་རྒྱུ་ནོར་ཁེ་འབབ་ཀྱི་དབུལ་སྐྱོར་བྱེད་སྟངས་མི་འདྲ་བ་འཚོལ་ཞིབ་བྱས་པ་རེད། ཡིན་ནའང་ལས་དོན་སྤེལ་རིང་སྒྱུར་བཅོས་ཁྱབ་ཁོངས་གསར་རྐྱང་དང་འཕྲད་སྐབས་ས་ཁུལ་ཁག་ལའང་གནས་ཚུལ་དང་གནད་དོན་གསར་པ་ཁག་གཅིག་འཕྲད་པ་དཔེར་ན། རྣམ་གྲངས་འདེམས་པ་དང་ལག་བསྟར་གྱི་ལས་རིམ་ཇི་ལྟར་ཚད་དང་ལྡན་དུ་གཏོང་བ་དང་། ཁེ་འབབ་བགོ་འགྲེམས་ཇུས་གཞི་གཏན་འཁེལ་ཇི་ལྟར་བྱེད་པ། འཕྲད་སྲིད་པའི་ཉེན་ཁ་སྔོན་འགོག་ཇི་ལྟར་བྱེད་པ་སོགས་རེད། ས་ཁུལ་ཁག་གིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་ནས་གཏན་འབེབས་སྔར་བས་ཁ་གསལ་དང་ཚགས་ཚུད་དུ་གཏོང་རྒྱུའི་རེ་བ་ཡོངས་ཁྱབ་ངང་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག ས་གནས་ཁག་གཅིག་གིས་འཚོལ་ཞིབ་བྱེད་རིང་དོ་ཁུར་བྱེད་འོས་པའི་ཐོན་བཟོ་ཡོད་པ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཁ་ཤས་ལྷག་ཡོད་པས་དུས་ཐོག་ཏུ་ཡོ་བསྲང་དང་ཚད་ལྡན་དུ་གཏོང་དགོས་ཀྱི་ཡོད། དེར་བརྟེན་ནོར་སྲིད་པུའུ་ཡིས་ཞིང་ལས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་མཉམ་དུ་བརྟག་ཞིབ་ཡང་སེ་བྱས་པའི་རྨང་གཞིའི་ཐོག་《བརྡ་ཐོ་》བཀྲམ་ནས་རྒྱུ་ནོར་ཁེ་འབབ་ཀྱི་དབུལ་སྐྱོར་ལས་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
          《བརྡ་ཐོའི་》ནང་རྒྱུ་ནོར་ཁེ་འབབ་ཀྱི་དབུལ་སྐྱོར་ལས་དོན་ཐད་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་ལག་ལེན་ཏན་ཏིག་བསྟར་བ་དང་། མང་ཚོགས་དབུལ་པོར་འབབ་འཕར་དབུལ་སྒྲོལ་ཡོང་རོགས་བྱ་རྒྱུ་དམིགས་ཚད་དུ་བཟུང་ནས་ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ལམ་ལུགས་འཛུགས་སྐྱོང་དང་ཉེན་ཁ་དོ་དམ་ཚོད་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱུ་ནོར་ཁེ་འབབ་ཀྱི་དབུལ་སྐྱོར་ལ་ཚད་ལྡན་དང་། སྐྱོན་བྲལ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།