འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་རིག་གནས་ཐོན་ཁུངས་འཛུགས་སྐྲུན་རྣམ་གྲངས་ལ་རྒྱལ་
    ཁབ་རིག་གནས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཞིབ་བཤེར་རྩིས་ལེན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་རིག་གནས་ཐོན་ཁུངས་འཛུགས་སྐྲུན་རྣམ་གྲངས་ལ་རྒྱལ་ཁབ་རིག་གནས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་སྦྲགས་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱི་ཚད་མཐོའི་གདེང་འཇོག་ཀྱང་ཐོབ་པ་རེད།
           བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ས་གནས་ཀྱི་གྲངས་འཛིན་རིག་གནས་ཐོན་ཁུངས་འཛུགས་སྐྲུན་ལ་མཛུབ་ཁྲིད་ནུས་ལྡན་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཐོན་ཁུངས་འཛུགས་སྐྲུན་ནུས་པ་ཆེ་རུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་སྒྲིག་སྲོལ་ལམ་སྲོལ་ཚད་ལྡན་ཅན་དང་། སྤྱི་ཚོགས་ཐོན་ཁུངས་འཛུགས་སྐྲུན་གཅིག་སྡུད་ཅན། ཤེས་ལྡན་མི་སྣ་གསོ་སྐྱོང་ཞིབ་ཚགས་ཅན་བཅས་དམ་འཛིན་བྱ་གཞིར་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་རིག་གནས་ཐོན་ཁུངས་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ་དང་ཕྱོགས་སྡོམ་བྱས་ཡོད། དེས་མ་ཚད་སྲོལ་རྒྱུན་གྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་པ་དང་། མང་ཚོགས་ཀྱི་དགོས་མཁོར་བསྟུན་པ། ཁྱད་ལྡན་སྔོག་འདོན་གང་ལེགས་བཅས་བྱས་ཏེ་ས་གནས་ཀྱི་དམིགས་བསལ་ཐོན་ཁུངས་དང་། གསར་བརྗེའི་ཐོན་ཁུངས། གྲངས་ཉུང་མི་རིགས་ཀྱི་སྐད་སྒྱུར་ཐོན་ཁུངས་བཅས་ཀྱི་གྲངས་འཛིན་རིག་གནས་ཐོན་ཁུངས་ཀྱི་རྣམ་གྲངས་ཆེན་པོ་གསུམ་ནུས་ལྡན་ངང་བསྐྲུན་པ་རེད།
          མིག་སྔའི་བར་ལྷ་མོའི་འཁྲབ་གཞུང་བརྒྱད་དང་། དམངས་ཁྲོད་ཞབས་བྲོ། གླིང་སྒྲུང་། ཐང་ག གནམ་རིག་སྐར་རྩིས། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཁེ་གསུམ་གྲོང་ཚོའི་བརྒྱུད་ལམ་སྣེ་མང་ཐོན་ཁུངས་མཛོད་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་འཛུགས་སྐྲུན་རྣམ་གྲངས་13ལེགས་གྲུབ་ཟིན་པ་དང་དེའི་ཁྲོད་ཀྱི་རྣམ་གྲངས་7ལ་རྒྱལ་ཁབ་ལྟེ་གནས་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་རེད། བོད་རིགས་ཀྱི་བཟའ་བཏུང་རིག་གནས་ཀྱི་བརྙན་ཕབ་ཐུང་ངུ་དང་། ཟློས་གར་གྱི་འཆད་ཁྲིད་རབ་དང་རིམ་པ། སྲོལ་རྒྱུན་ཨར་སྐྲུན་རིག་གནས། བོད་ཀྱི་ལག་ཤེས་རྩལ་ནུས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལག་ཤེས་བཟོ་རྩལ་ཐོན་རྫས་དྲ་རྒྱའི་བྲིན་ཚོང་ལས་སྟེགས་གཏོད་པ་སོགས་ཀྱི་རྣམ་གྲངས་4བདེ་བླག་ངང་འཛུགས་ཐུབ་ཡོད། བོད་ཀྱི་གསར་བརྗེའི་གླུ་གར་དང་བོད་ཀྱི་དབྱིན་འགོག་ལོ་རྒྱུས་རིག་གནས་ཀྱི་བརྒྱུད་ལམ་སྣེ་མང་ཐོན་ཁུངས་མཛོད་སོགས་གསར་བརྗེའི་ཐོན་ཁུངས་འཛུགས་སྐྲུན་རྣམ་གྲངས་2ལེགས་གྲུབ་ཟིན་པ་དང“དམག་སྡེ་བཅོ་བརྒྱད་པ་བོད་སྐྱོད་ཀྱི་ངག་སྒྲོས་ལོ་རྒྱུས”ཞེས་པའི་རྣམ་གྲངས་ད་ལྟ་སྐྲུན་བཞིན་ཡོད།
          2017ལོའི་ཟླ་ལྔ་པར། རིག་གནས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་བོད་དུ་ཡོང་ནས་རང་ལྗོངས་ཀྱི་གྲངས་འཛིན་རིག་གནས་ཐོན་ཁུངས་འཛུགས་སྐྲུན་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱེད་སྐབས“བོད་ཀྱི་ཐོན་ཁུངས་མཛོད་བསྐྲུན་པའི་སྟོན་ཕྱོགས་ཡང་དག་ཅིང་། རྣམ་གྲངས་ཀྱི་བརྗོད་དོན་གཙོ་བོའི་ནང་དོན་དང་ཁྱད་ཆོས་སྔོག་འདོན་གང་ལེགས་བྱས་པ་དང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཉིས་ཀ་ཐུབ་ནས་བསམ་བློའི་རང་བཞིན་དང་། ཤེས་བྱའི་རང་བཞིན། སྒྱུ་རྩལ་རང་བཞིན་བཅས་གཅིག་གྱུར་བྱུང་ཡོད་པའི”ངོས་འཛིན་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་རིག་གནས་པུའི་རྒྱལ་ཡོངས་སྤྱི་པའི་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱིས་བོད་ལྗོངས་དཔེ་མཛོད་ཁང་དུ“རྒྱལ་ཡོངས་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་བོད་ཡིག་ཐོན་ཁུངས་འཛུགས་སྐྲུན་ལྟེ་གནས”བཙུགས་པ་དང་རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་ཐོན་ཁུངས་འཛུགས་སྐྲུན་སྤྱི་འདོམས་བྱས་ཏེ་ད་ཆ་ཆུ་ཚོད་3169.7གྱི་བོད་ཀྱི་དབུས་སྐད་སྐད་སྒྱུར་གྱི་ཐོན་ཁུངས་རེ་ཞུ་བདེ་བླག་བྱུང་བའི་ནང་ཆུ་ཚོད་2099.7ལེགས་གྲུབ་བྱུང་སྟེ་ད་ཆ་ཆུ་ཚོད་500ཡི་རྣམ་གྲངས་ལག་ལེན་བསྟར་བཞིན་ཡོད། དེ་དང་དུས་མཚུངས་གྲངས་ཉུང་མི་རིགས་ཀྱི་སྐད་སྒྱུར་ཐོན་ཁུངས་རྣམ་གྲངས་ནང་ཞིང་འབྲོག་མང་ཚོགས་ལ་མཁོ་བའི་ཚན་རིག་ཁྱབ་གདལ་དང་། བཅའ་ཁྲིམས། འཕྲོད་བསྟེན་སོགས་ཕུལ་བྱུང་ཐོན་ཁུངས་སྐད་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བས་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།