འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོར་ཡུག་སྲུང་སྐྱོང་པུས་ཆེད་དོན་བྱ་སྤྱོད་སྤེལ་ནས་ཕྱི་རྒྱལ་གྱི་གད་སྙིགས་ལ་རྡུང་རྡེག་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན་ནས་བཟུང་ཁོར་ཡུག་སྲུང་སྐྱོང་པུས་དུས་ཡུན་ཟླ་བ་གཅིག་གི་ནང་འདྲེན་བྱས་པའི་ཟོག་རོ་ལས་སྣོན་བེད་སྤྱོད་ཁེ་ལས་ཀྱི་ཁོར་ཡུག་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་(གཤམ་དུ་ཆེད་དོན་བྱ་སྤྱོད་ཞེས་བསྡུ་རྒྱུ)སྤེལ་བ་རེད། ཆེད་དོན་བྱ་སྤྱོད་དེ་སྤེལ་དོན་གང་ཡིན་ནམ། གནད་དོན་གང་ཞིག་ལ་དམིགས་པ་ཡིན་ནམ། གསར་འགོད་པས་ཁོར་ཡུག་སྲུང་སྐྱོང་པུའི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་བྱས་པ་ཡིན།
           “ཉེ་བའི་ལོ་གཉིས་རིང་གི་ཁོར་ཡུག་ཁྲིམས་འཛིན་ཞིབ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ནང་འདྲེན་བྱས་པའི་ཟོག་རོ་ལས་སྣོན་བེད་སྤྱོད་ཁེ་ལས་ཀྱི་གཞི་ཁྱོན་ཆུང་རུང་། བཙོག་སྐྱོན་བཟོ་ཚབས་ཆེ་བ་དང་བཙོག་སྐྱོན་བཅོས་སྒྲིག་གི་སྒྲིག་བཀོད་རྒྱུན་གཏན་ལྟར་བེད་སྤྱོད་མ་བྱས་པ་སོགས་ཀྱི་ཁོར་ཡུག་ཁྲིམས་འགལ་གྱི་བྱེད་སྤྱོད་འགའ་ཞིག་མངོན་གསལ་དོད་པོ་ཡོད་པ་དེ་ལས་ཁོར་ཡུག་བཙོག་སྐྱོན་སེལ་བའི་ཁུར་པོ་ལྕི་རུ་ཕྱིན་ཡོད་ལ་ས་ཁུལ་འགའ་ཞིག་གི་ཁོར་ཡུག་ལ་ཡང་བཙོག་སྐྱོན་ཚབས་ཆེན་ཕོག་ཡོད”ཅེས་འགན་འཁུར་བས་བཤད་བྱུང་།
           ཆེད་དོན་བྱ་སྤྱོད་སྤེལ་རིང་ཡུལ་གཞན་དང་ཟུང་འབྲེལ་དང་ཁོངས་གཏོགས་ཀྱིས་གཞོགས་འདེགས་བྱེད་པའི་བྱ་ཐབས་སྤྱད་ཅིང་། ཁོར་ཡུག་སྲུང་སྐྱོང་པུས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)27ནས་མི་420ཟུར་འཐེན་བྱས་ཏེ་ཞིབ་བཤེར་ཚོགས་ཆུང་60བཙུགས་པ་དང་། ཁོར་ཡུག་སྲུང་སྐྱོང་པུའི་སྲ་གཟུགས་ཟོག་རོ་དང་རྫས་འགྱུར་དངོས་རྫས་དོ་དམ་ལག་རྩལ་ལྟེ་གནས་ཀྱིས་སྲ་གཟུགས་ཟོག་རོ་དོ་དམ་གྱི་རིགས་གཅིག་མཁས་ཅན་30གཞོགས་འདེགས་བྱེད་པར་བཏང་བ། འབྲེལ་ཡོད་ས་གནས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཁོར་ཡུག་ཁྲིམས་འཛིན་དང་ལྟ་ཞིབ་ཚད་ལེན་པ་1260ལྷག་ཙམ་གཞོགས་འདེགས་བྱེད་པར་བཏང་ཡོད། ཁོར་ཡུག་ཁྲིམས་འཛིན་དང་། ལྟ་ཞིབ་ཚད་ལེན། སྲ་གཟུགས་ཟོག་རོ་དོ་དམ་བཅས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་པ་བརྒྱུད་ཡིག་ཚགས་དང་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་བྱེད་པ་དང་། ས་གནས་ས་ཐོག་ཏུ་རྩད་ཞིབ་བྱེད་པ། མ་དཔེ་བླངས་ཏེ་ལྟ་ཞིབ་ཚད་ལེན་བྱེད་པ་བཅས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་ནས་ནང་འདྲེན་བྱས་པའི་ཟོག་རོ་ལས་སྣོན་བེད་སྤྱོད་ཁེ་ལས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།