འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཉ་ལས་དོ་དམ་ས་ཚིགས་ཀྱིས་ཁྲིམས་དང་མ་མཐུན་པར་ཙོང་ཉ་འཛིན་པ་དང་འཚོང་
    བའི་ནག་ཚང་ཞིག་མེད་པ་བཟོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཁྲིམས་འཛིན་མི་སྣས་སྐུ་འབུམ་རྫོང་རྡོ་པ་གྲོང་རྡལ་ཡུལ་ལྷ་གྲོང་ཚོ་ནས་ཁྲིམས་དང་མ་མཐུན་པར་ཙོང་ཉ་འཛིན་པ་དང་འཚོང་བའི་ནག་ཚང་ཞིག་མེད་པ་བཟོས་ནས་གྱོད་འབྲེལ་ཉེས་གསོག་དོགས་ཅན་6བཟུང་བ་དང་ཙོང་ཉ་སྤྱི་རྒྱ་1156རྩད་ཆོད་པ་རེད།
          ཙོང་ཉ་ནི་མཚོ་སྔོན་པོ་ཁོ་ནར་ཡོད་པའི་ཉ་རིགས་ཤིག་ཡིན་པ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཁོངས་སུ་གཏོགས་པ་དང་2004ལོར་《ཀྲུང་གོའི་སྲོག་ཆགས་རིགས་ཀྱི་མིང་གཞུང་དམར་པོའི་》ནང་གི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་གྲས་སུ་བཅུག་ཡོད། མཚོ་སྔོན་པོའི་སྣོད་བཅུད་འབྲེལ་ཐག་ཁུལ་ཡོངས་ནང་གནས་བབ་གལ་ཆེན་བཟུང་བ་དང་དེ་ཆུ་དང་། འདབ་ཆགས། ཉ་བཅས་མཉམ་དུ་འཚོ་སྡོད་བྱེད་པའི་སྣོད་བཅུད་མ་ལག་དང་དེ་བཞིན་མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྣོད་བཅུད་འབྲེལ་ཐག་བདེ་འཇགས་དང་འབྲེལ་བ་ཡོད།
          ལོ་རེའི་ཟླ་དྲུག་པ་དང་བདུན་པར་ཙོང་ཉ་ཁྱུ་མང་པོ་བསྒྲིགས་ནས་བ་ཚྭ་མེད་པའི་ཆུའི་ནང་སྒོ་ང་གཏོང་བར་འགྲོ་བ་དེས་ཙོང་ཉ་ལྐོག་འཛིན་བྱེད་མཁན་ཁྲིམས་འགལ་བར་གོ་སྐབས་སྦྱིན་གྱི་ཡོད། མཚོ་སྔོན་པོའི་རྒྱུག་ཁོངས་རྒྱ་ཆེ་ལ་ཆུ་ཕྲན་མང་བ་དང་མཚོར་སྐོར་ཞིབ་བྱེད་པའི་ལས་འགན་ལྕི་བས། ཉེ་བའི་ལོ་ཤས་རིང་ཁྲིམས་འགལ་བའི་ཙོང་ཉ་ལྐོག་འཛིན་བྱེད་ཐབས་སྔར་བས་གཟབ་ལ་ནག་ཚང་ཡང་སྔར་བས་རྙེད་དཀའ་བར་བརྟེན་ལྟ་སྐུལ་དོ་དམ་བྱེད་མཁན་ཚོར་རྙོག་དྲ་མི་ཉུང་བ་ཞིག་བཟོ་གི་ཡོད།
          ཁྲིམས་འཛིན་མི་སྣས་ཉེ་བའི་ཟླ་གཅིག་རིང་དུས་ངེས་མེད་ངང་སྒུག་སྡོད་དང་མྱུལ་ཞིབ་བྱས་ནས་གསང་བའི་ནག་ཚང་དེའི་གནས་ས་གཏན་འཁེལ་བྱུང་རྗེས་འཕྲལ་མར་མེད་པ་བཟོས་པ་རེད།
           ཟི་ལིང་གྲོང་ཁྱེར་ཉ་ལས་དོ་དམ་ས་ཚིགས་ཉ་ལས་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ཀྲེ་ཡུང་ཧུའེ་ཡིས་ད་ཐེངས་མེད་པ་བཟོས་པའི་ནག་ཚང་གྲོང་ཁྱེར་དང་ས་ཐག་རིང་བའི་གྲོང་ཚོ་ཞིག་ཏུ་ཡོད་པ་དང་དེ་ནི་ངན་ཇུས་གཤོམ་པའི་ཉ་རིགས་འཛིན་བཟུང་དང་། དབོར་འདྲེན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་རྩ་འཛུགས་ཤིག་རེད། ཁྲིམས་འཛིན་ལས་གཡོལ་ཆེད་གྱོད་འབྲེལ་ཉེས་གསོག་དོགས་ཅན་གྱིས་ཐོ་རེངས་སུ་ལས་ངན་རྩོམ་རྒྱུའི་གདམ་ག་བྱས་ནས་དྲ་བ་བཀྲམ་པ་དང་བསྡུ་བར་ཆུ་ཚོད་བཞི་ལས་འགོར་གྱི་མེད་པ་མ་ཟད། དྲ་བ་བསྡུས་རྗེས་མཚོ་ངོགས་སུ་ཉ་མི་བསྡུ་བར་ཐད་ཀར་ཡུལ་ལྷ་གྲོང་ཚོར་དབོར་འདྲེན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
          མཚོ་སྔོན་ཞིང་ཆེན་ཉ་ལས་དོ་དམ་སྤྱི་ཁྱབ་ས་ཚིགས་ནས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་དོན། ལོ་མང་རིང་མཚོ་བཀག་ཉ་གསོ་དང་། གསོ་སྤེལ་གློད་གཏོང་། ཁྲིམས་དང་མ་མཐུན་པར་ཉ་ལྐོག་འཛིན་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་སྲུང་སྐྱོབ་བྱེད་ཐབས་སྤྱད་པ་བརྒྱུད། 2016ལོའི་ལོ་མཇུག་བར་མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་ཏུན་ཁྲི་7.08ཟིན་པ་དེ་2002ལོའི་སྲུང་སྐྱོབ་བྱས་མ་ཐག་གི་ཏུན་2592ལས་ལྡབ་27ལྷག་ཙམ་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།