མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་འབོ་གསེར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་
པུའུ་ཀྲང་ཚོགས་འདུ་དང་སྲོལ་རྒྱུན་གསོ་བ་རིག་པའི་རིམ་མཐོའི་ཚོགས་
འདུ་འཚོགས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་6ཉིན་གྱི་སྔ་དྲོ་འབོ་གསེར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཀྲང་ཚོགས་འདུ་དང་སྲོལ་རྒྱུན་གསོ་བ་རིག་པའི་རིམ་མཐོའི་ཚོགས་འདུ་ཐེན་ཅིན་དུ་ཚོགས་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས་གནང་བ་རེད།
           ཞི་ཅིན་ཕིང་གིས་ནད་ཡམས་ལ་རྒྱལ་མཚམས་མེད། ཐུན་མོང་གི་སྤྱི་པའི་འཕྲོད་བསྟེན་འགྲན་སློང་ལ་ཁ་གཏད་གཅོག་ཆེད་འབོ་གསེར་རྒྱལ་ཁབ་ཀྱིས་རིམ་པ་མཐོ་བའི་སྐད་ཆ་ཤོད་རེས་བྱེད་པའི་ལམ་སྲོལ་བཙུགས་ནས་འབོ་གསེར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད། སྐབས་འདིའི་ཚོགས་འདུའི་ཐོག་འབོ་གསེར་རྒྱལ་ཁབ་དང་འབྲེལ་ཡོད་རྒྱལ་ཁབ་ཁག་དབར་ཉམས་མྱོང་སྤེལ་རེས་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་ཐུབ་རྒྱུར་ང་ལ་ཡིད་ཆེས་ཡོད། སྲོལ་རྒྱུན་གྱི་གསོ་བ་རིག་པ་ནི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད། དེས་ཤེས་དཔལ་ཕན་ཚུན་མིག་དཔེར་འཛིན་རྒྱུ་དང་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་རྒྱུ་སོགས་ཀྱི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་ལུགས་གསོ་བ་རིག་པ་ནི་དེའི་ནང་གི་ཕུལ་དུ་བྱུང་བའི་མཚོན་བྱེད་ཅིག་ཡིན་པ་དང་། ནད་ཡམས་སྔོན་འགོག་དང་། སྨན་བཅོས། ན་ཚ་དྲག་སྐྱེད་སོགས་ཐད་ཀྱི་དེའི་དམིགས་བསལ་གྱི་ལེགས་ཆར་རྒྱལ་ཁབ་མང་པོ་ཞིག་གི་མང་ཚོགས་ཀྱིས་ཁས་ལེན་རྒྱ་ཁྱབ་ངང་བྱེད་ཀྱི་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་མི་ཚང་མ་བདེ་ཐང་ཡོང་བ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་རེ་འདུན་ཡིན། འབོ་གསེར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཀྲང་ཚོགས་འདུ་དང་སྲོལ་རྒྱུན་གསོ་བ་རིག་པའི་རིམ་མཐོའི་ཚོགས་འདུའི་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཕྱོགས་ཁག་གི་སྲོལ་རྒྱུན་གསོ་བ་རིག་པ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། སྤྱི་པའི་འཕྲོད་བསྟེན་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱས་ནས་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་ཆེད་ལེགས་སྐྱེས་འབུལ་ཐུབ་རྒྱུར་ངས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་འཕྲོད་བསྟེན་མཉམ་ལས་བྱ་རྒྱུ་ནི་འབོ་གསེར་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། 2017ལོའི་འབོ་གསེར་རྒྱལ་ཁབ་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་དང་དེ་བཞིན་ཚོགས་ཆེན་གྱི་མགྲོན་བདག་ཡིན་པའི་ངོས་ནས་བརྗོད་ན། ཀྲུང་གོ་སྲིད་གཞུང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་མཉམ་ལས་དང་སྲོལ་རྒྱུན་གསོ་བ་རིག་པ་འཕེལ་རྒྱས་གཏོང་བའི་རོགས་ཟླ་ཚོ་དང་མཉམ་དུ་ཤུགས་བརྒྱབ་ཏེ་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་མཉམ་ལས་ཀྱི་འཆར་གཞི་བཀོད་ནས་མིའི་རིགས་ཀྱི་བདེ་ཐང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།