འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་སྲོག་ཆགས་དང་རྩི་ཤིང་གི་འཇིག་
    རྟེན་ཁམས་ལ་འཚོལ་ཞིབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་08ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། སེར་གླིང་མཚོའི་ངོགས་ཀྱི་སྒར་སར་འབྱོར་མ་ཐག་ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཅང་ཞུའེ་ལུང་གིས་འབུམ་རམས་པ་ཁྲེན་ཀྲུང་ཀྲེང་འཁྲིད་དེ་མཚོ་ངོགས་ཀྱི་རྩྭ་ཐང་ཐོག་ཨ་བྲ་འཛིན་བྱེད་ཀྱི་རྙི་དང་རླུང་ཙེ་བཀྲམས་པ་དང་ཡོ་བྱད་དེ་དག་ལ་བརྟེན་ནས་སེར་གླིང་མཚོའི་གཏན་འཇགས་ས་ཁོངས་ཀྱི་ཨ་བྲའི་གྲངས་འབོར་ཚོད་རྩིས་བརྒྱབ་ནས་གོམ་སྟབས་རྗེས་མའི་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས་བྱ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་རེད།
           “དེ་སྔོན་གཅན་གཟན་ཆུང་གྲས་ཀྱི་རིགས་ལ་ཞིབ་འཇུག་དེ་ཙམ་མང་པོ་བྱས་མེད། ང་ཚོས་ད་ཐེངས་ཀྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་གོ་སྐབས་སྤྱད་དེ་སེར་གླིང་མཚོ་ཁོངས་ཀྱི་གཅན་གཟན་ལ་བརྟག་ཞིབ་མཐར་ཕྱིན་པ་ཞིག་བྱས་ནས་འབྲེལ་ཡོད་ཀྱི་སྟོང་ཆ་བསྐོང་རྒྱུ་ཡིན”ཅང་ཞུའེ་ལུང་སོགས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གཙང་པོ་དང་མཚེའུའི་ཆུ་འགོའི་སྐྱེ་དངོས་དང་སྣོད་བཅུད་འགྱུར་ལྡོག་རྟོག་ཞིབ་རུ་ཁག་གི་རིགས་གཅིག་མཁས་ཅན་19ཚེས་4ཉིན་སེར་གླིང་མཚོའི་ངོགས་སུ་འབྱོར་ནས“འཛམ་གླིང་ཡང་རྩེའི”སྲོག་ཆགས་དང་རྩི་ཤིང་གི་འཇིག་རྟེན་ཁམས་ལ་རྟོག་ཞིབ་ཞིབ་ཕྲ་བྱ་རྒྱུ་ཡིན་པ་རེད།
          གཙང་པོ་དང་མཚེའུའི་ཆུ་འགོའི་སྐྱེ་དངོས་དང་སྣོད་བཅུད་འགྱུར་ལྡོག་རྟོག་ཞིབ་རུ་ཁག་ལ་འོ་འཐུང་སྲོག་ཆགས་དང་། བྱ་རིགས། ཉ་རིགས། གོག་བགྲོད་རིགས་ཀྱི་སྲོག་ཆགས། སྣོད་བཅུད་དང་རྩི་ཤིང་བཅས་ཚོགས་ཆུང་ཁག་5ཡོད་པ་དང་ཁོང་ཚོས་སེར་གླིང་མཚོ་ཁོངས་ཀྱི་སྲོག་ཆགས་དང་རྩི་ཤིང་གནས་སྟངས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱ་རྒྱུ་རེད། ཚན་རིག་རྟོག་ཞིབ་རུ་ཁག་གིས་སེར་གླིང་མཚོའི་ས་ཁོངས་ཀྱི་སྔོ་ཁེབས་ཀྱི་རིགས་དབྱེ་དང་ཁྱབ་ཚུལ་ལ་འགྲེལ་བཤད་བརྒྱབ་ནས་ས་ཁོངས་ནང་གི་སྔོ་ཁེབས་རི་མོ་དང་སྲོག་ཆགས་ཀྱི་གཙོ་གནད་འཚོ་སྡོད་ཁུལ་གྱི་ཁྱབ་ཚུལ་རི་མོ་འབྲི་རྒྱུ་རེད།
          “སེར་གླིང་མཚོའི་ཁུལ་དུ་ས་མཐོའི་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སྣ་ཚོགས་ཡོད”ཅེས་རྟོག་ཞིབ་རུ་ཁག་གི་རུ་དཔོན། ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཡང་ཡུང་ཕིང་གིས་བརྗོད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་ཚན་རིག་རྟོག་ཞིབ་བྱེད་རིང་ས་ཁོངས་ནང་གི་སྲོག་ཆགས་དང་རྩི་ཤིང་གི་སྣ་ཁ་དང་། གྲངས་འབོར། ཁྱབ་ཚུལ་བཅས་ལ་མཐིལ་རྟོག་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་འཆར་འགོད་ལ་ཚན་རིག་དང་མཐུན་པའི་གྲངས་གཞི་དང་གྲོས་འགོ་འདོན་པའི་ལས་འགན་བསྒྲུབ་རྒྱུ་རེད།
          ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཡང་ཞའོ་ཅུན་གྱིས་རྒྱང་ཤེལ་འཁྱེར་ནས་མཚོ་འགྲམ་གྱི་དུས་བྱར་ལྟ་ཞིབ་བྱེད་བཞིན་ཡོད། ཁོང་གིས་སེར་གླིང་མཚོའི་ཁོངས་སུ་གཏན་འཁེལ་བྱུང་བའི་བྱ་རིགས་90ལྷག་ཙམ་ཡོད། ད་རེས་ཀྱི་ལྟ་ཞིབ་ཚད་ལེན་ནང་ལོ་དེ་དག་གི་བྱ་རིགས་ཀྱི་འགྱུར་ལྡོག་འགྲོ་ཚུལ་ལ་ལྟ་ཞིབ་བྱ་རྒྱུ་དང་འབྲེལ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གཙོ་གནད་བྱ་རིགས་ཁག་གཅིག་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་སླད་ཕྱིན་སེར་གླིང་མཚོའི་ཁོངས་སུ་སྣོད་བཅུད་བྱ་རིགས་ལྟ་སྐོར་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱ་རྒྱུ་རེད་ཅེས་བརྗོད།
         ལྟ་ཞིབ་ཚད་ལེན་རགས་ཙམ་བྱས་པ་བརྒྱུད། རིགས་གཅིག་མཁས་ཅན་གྱིས་སེར་གླིང་མཚོའི་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་སྤྱིར་ན་ལེགས་པ་དེ་དེ་གོང་ཀྲུང་གོ་ཚན་རིག་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཚོད་སྐོར་སྙན་ཞུ་དང་གཅིག་མཚུངས་ཡིན་པ་སྟེ། མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སླར་གསོ་ཡག་པོ་བྱུང་བ་དང་བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དེ་རེད། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་125དང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་རྩི་ཤིང་སྣ་ཁ་39ལ་སྲུང་སྐྱོབ་ཡག་པོ་བྱུང་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། མི་རིང་བར་སེར་གླིང་མཚོ་ཁོངས་སུ་སྲུང་སྐྱོང་དང་། སློབ་གསོ། ཚན་རིག་ཞིབ་འཇུག་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་རེད། ཚན་རིག་མཁས་ཅན་ཚོས་ད་རེས་སེར་གླིང་མཚོ་ཁོངས་སུ་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་མཐིལ་རྟོག་མཐར་ཕྱིན་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་རྩེར་སོན་སྣོད་བཅུད་ཡུལ་སྐོར་གཉེར་རྒྱུར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།