འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ལྕགས་ལམ་ཀུང་སིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དབྱར་གསེང་སྐྱེལ་འདྲེན་བྱེད་
    མང་ཤོས་ལ་ཁ་གཏད་གཅོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་04ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བདུན་པ་ནི་མཚོ་བོད་ས་མཐོའི་ལོ་གཅིག་དུས་བཞིའི་ཁྲོད་ནས་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཤིག་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་མཚོ་བོད་ལྕགས་ལམ་ཀུང་སིས་སྔོན་འགོག་དང་འཕྲལ་སྡོམ་བྱ་ཐབས་མང་པོ་ཞིག་སྤྱད་དེ་དབྱར་གསེང་གི་སྐྱེལ་འདྲེན་གནོན་ཤུགས་ཞི་ལྷོད་དུ་བཏང་ནས་འགྲུལ་པའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།
         མཚོ་བོད་ལྕགས་ལམ་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་མཚོ་བོད་ས་མཐོའི་དབྱར་གསེང་གི་སྐྱེལ་འདྲེན་དུས་ཚོད་ནི་ཟླ་7ཚེས་1ཉིན་ནས་ཟླ་8ཚེས་31ཉིན་བར་ཡིན་ཞིང་། ཟླ་5ཚེས་27ཉིན་ནས་མཚོ་བོད་ལྕགས་ལམ་ཀུང་སིས་དབྱར་གསེང་གི་སྐྱེལ་འདྲེན་གྲ་སྒྲིག་ལས་དོན་སྤེལ་བ་མ་ཟད་ཟླ་6ཚེས་22ཉིན་བོད་སྐྱོད་མེ་འཁོར་ཨང་Z9815ཐེངས་6མང་དུ་བཏང་བ་དང་། དབྱར་གསེང་གི་སྐྱེལ་འདྲེན་བྱེད་རིང་བོད་སྐྱོད་མེ་འཁོར་ཆ་བདུན་གཏོང་རྒྱུ་ཡིན་པ་རེད།
         མེ་འཁོར་མང་ཆེ་བ་འབྱོར་ཕྱི་ཆེ་བ་དང་འགྲུལ་པ་ནར་འགྱངས་ཀྱི་གནད་དོན་ཐོན་སྲིད་པར་གཞིགས་ནས་མཚོ་བོད་ལྕགས་ལམ་ཀུང་སིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་ཕྱོགས་བསྡུས་ནང་སྦྱོང་བྱས་པ་རེད། ཟི་ལིང་མེ་འཁོར་བབས་ཚུགས་ཀྱི་འགྲུལ་སྐྱེལ་ལས་རེས་ས་ཚིགས་ཀྱི་ཀྲན་ཀྲང་ཀའོ་མིང་གིས་མེ་འཁོར་ནར་འགྱངས་བྱུང་ཕྱིན་བབས་ཚུགས་ཀྱི་ལས་དོན་པས་ལྕགས་ལམ་གྱི་ཆ་འཕྲིན་ལས་སྟེགས་བརྒྱུད་མེ་འཁོར་གཏོང་བའི་དུས་ཚོད་འཕྲལ་མར་ཤེས་རྟོགས་བྱས་ཏེ་འགྲུལ་པར་གསལ་བསྒྲགས་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད།
         འགྲུལ་པ་ཚོ་ཕྱོགས་ཐོན་བྱེད་སྐབས་སྐྱིད་པ་ཡོང་ཆེད། ཟི་ལིང་མེ་འཁོར་བབས་ཚུགས་ཀྱི་ཞབས་ཞུའི་ལས་སྟེགས་སུ་སྨན་བཅོས་བྱ་ཡུལ་དང་དམངས་ཕན་ཞབས་ཞུའི་སྒམ་བཙུགས་ཏེ་འགྲུལ་པ་ཚོར་རྨ་རས་དང་། རྨ་ཁའི་ཀོ་ཡོལ། ཁབ་སྐུད་སོགས་འཕྲལ་མཁོའི་དངོས་རྫས་མཁོ་འདོན་བྱེད་ཀྱི་ཡོད། ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ཐོན་སྒོར་བཙུགས་པའི“དར་ཚོན་སྣ་ལྔའི་འགྲུལ་པའི་ཞབས་ཞུ་ལྟེ་གནས”སུ་བུ་རམ་དང་། འོ་རྩམ། གསོ་རླུང་སོགས་ཡོད་པ་མ་ཟད་དམིགས་བསལ་གྱི་འགྲུལ་པར་ཤར་བགྲོད་ལམ་བུ་ཡང་བཟོས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།