འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཨུའི་མཁས་དབང་གིས"རྒྱུད་གཅིག་ལམ་གཅིག"འཛུགས་རྒྱུ་དེར་མདུན་ལམ་ཆེན་
    པོ་ལྡན་པའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་དུ“རྒྱུད་གཅིག་ལམ་གཅིག”གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་སྨྱན་སྦྱོར་གསར་འགོད་པའི་བཞུགས་མོལ་ཚོགས་འདུ་མཉམ་དུ་འཚོགས་ཤིང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུ་དེར་མདུན་ལམ་ཆེན་པོ་ལྡན་པའི་ངོས་འཛིན་བྱས་པ་རེད།
         ཕྱི་འབྲེལ་པུའི་སྤྱི་པའི་ཕྱི་འབྲེལ་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་མ་ཀྲེན་ཀང་དང་སུན་ཡུས་ཞིས་དང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་རོན་ཙུང་ཙེ་བཞུགས་མོལ་ཚོགས་འདུར་ཕེབས་ཡོད། ཨུ་ཟ་བྷེ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུན་ལི་ཅེ་དང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་གི་འཐབ་ཇུས་དང་ས་གནས་དབར་གྱི་ཞིབ་འཇུག་སུའོ་ཡི་འགན་འཁུར་བ། ས་གནས་དེ་གའི་གྲགས་ཅན་ཇུས་འདོན་ཚོགས་པ་དང་མཐོ་སློབ་ཀྱི་མཁས་དབང་སོགས་མི་60ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
         མ་ཀྲེན་ཀང་གིས་འདི་ལོའི་ཟླ་བ་ལྔ་པར་པེ་ཅིང་དུ་གཉེར་བའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དེས་མ་འོངས་པའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཁ་ཕྱོགས་སྔར་བས་གསལ་པོ་སྟོན་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”འཛུགས་པའི་ཞིབ་ཕྲའི་ལམ་ཐིག་ཀྱང་འཆར་འགོད་བྱས་ཡོད། ཚོགས་ཞུགས་འགོ་ཁྲིད་མི་སྣ་དང་ལས་རིགས་ཁག་གི་འཐུས་མི་ཚོས“རྒྱུད་གཅིག་ལམ་གཅིག”འཛུགས་པའི་མདུན་ལམ་ལ་ལྟ་སྟངས་ཡང་དག་འཛིན་གྱི་ཡོད་ཅེས་བཤད།
         སུན་ཡུས་ཞིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་པ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པས་དེར་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་བཤད།
         རོན་ཙུང་ཙེས་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐོག“རྒྱུད་གཅིག་ལམ་གཅིག”དེ་ཉིད་ཞི་བདེའི་ལམ་བུ་དང་། དར་རྒྱས་ཀྱི་ལམ་བུ། སྒོ་དབྱེའི་ལམ་བུ། གསར་གཏོད་ཀྱི་ལམ་བུ། ཤེས་དཔལ་གྱི་ལམ་བུ་བཅས་སུ་བསྐྲུན་རྒྱུ་ཡིན་པ་བཏོན་ཡོད་ཅེས་བཤད།
         སུན་ལི་ཅེས་ཀྲུང་ཨུ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་25རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། འདི་ལོའི་ཟླ་བ་ལྔ་པར། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་མིའར་ཅི་གཡོད་ཡེ་ཕུའུ་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནང་ཞུགས་པས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དབར་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད། དེར་ཞུགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཀྲུང་ཨུའི་མཉམ་ལས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཆེད་ཐབས་དང་ཇུས་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་གི་འཐབ་ཇུས་དང་ས་གནས་དབར་གྱི་ཞིབ་འཇུག་སུའོ་ཡི་དབུ་བཞུགས་ཞིབ་འཇུག་པ་ཐུའུ་ལ་ཡེ་ཝས“རྒྱུད་གཅིག་ལམ་གཅིག”ནི་རླབས་ཆེན་གྱི་གྲོས་འགོ་ཞིག་ཡིན་པས་དེས་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མ་ཟད། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོ་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་ཐེབས་ནས་འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད། དོན་དངོས་ལས་ར་འཕྲོད་བྱས་པར། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ཚུན། ཨུ་ཀྲུང་གི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་འཕེལ་རིམ་གསར་པ་བྱུང་ཡོད་ཅེས་བཤད།
         ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་གི་འཐབ་ཇུས་དང་ས་གནས་དབར་གྱི་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་པུའོ་པུའོ་ཧན་ནུའོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའི་ཡོ་རོབ་ཅུས་ཀྱི་ཅུས་ཀྲང་ཟུར་པ་ཡིའུ་སུའུ་པུའོ་ཕུའུ་སོགས་ཀྱིས་ཀྱང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་ཚུད་པའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བདེ་རྩ་དང་མཐུན་ལ“རྒྱུད་གཅིག་ལམ་གཅིག”ནི་ཨུ་ཀྲུང་མཉམ་ལས་ཀྱི་ལས་སྟེགས་བཟང་པོ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།