འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩི་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་གི“6·24”ཡི་རི་ཚབས་ཆེན་ཉིལ་བའི་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་དང་རྗེས་འཇུག་བཀོད་སྒྲིག་ལས་དོན་མིག་སྔར་སྤེལ་བཞིན་ཡོད། གནོད་འཚེ་ལས་མི་93འབྲེལ་བ་ཆད་པ་དང་མི་3སྨན་ཁང་དུ་ལུས་ཡོད། རྨས་མ་སྲོག་སྐྱོབ་དང་། ནང་མིར་སེམས་གསོ། རྗེས་འཇུག་བཀོད་སྒྲིག གནོད་འཚེ་བྱུང་རྐྱེན་ལ་བརྟག་ཞིབ་སོགས་ཀྱི་ལས་དོན་གོ་རིམ་ལྡན་པ་དང་ཛ་དྲག་ངང་སྤེལ་བཞིན་ཡོད། གསར་འགོད་པར་ཉེན་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་འཚོགས་པའི་གསར་འགྱུར་བརྡ་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། དེ་སྔ་ཡོངས་བསྒྲགས་བྱས་པའི་འབྲེལ་ཆད་མི་སྣ་118ནང་མི་15བདེ་འཇགས་ཡིན་པ་གཏན་འཁེལ་བྱུང་ཞིང་། འདི་ནི་ཟླ་6ཚེས་25ཉིན་རོགས་སྐྱོབ་མི་སྣས་གནོད་འཚེ་ཐོན་ཡུལ་དུ་འཚོལ་སྐྱོབ་བྱེད་བཞིན་པ།
         ཟླ་6ཚེས་25ཉིན་གྱི་སྔ་དྲོ་སི་ཁྲོན་ཉེན་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་སླར་ཡང་ཚོགས་འདུ་འཚོགས་ཏེ་གོམ་སྟབས་རྗེས་མའི་ཉེན་སེལ་རྒུད་སྐྱོབ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས། “ནུས་ཤུགས་ཡོད་རྒུས་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩི་དགོས”ཞེས་སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཏུང་མིང་གིས་སྐད་ཤུགས་ཆེན་པོས་བཤད། མའོ་རྫོང་དུ་རི་ཉིལ་བའི་གནོད་འཚེ་ཐོན་རྗེས་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་བཀོད་སྒྲིག་གཞིར་བཟུང་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
         གནོད་འཚེ་ཐོན་རྗེས་རྔ་པ་ཀྲོའུ་ཡི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་འཕྲལ་མར་རོགས་སྐྱོབ་བྱེད་འགོ་ཚུགས་ཡོད། “དུས་ཚོད་ཀྱིས་མི་སྒུག་མི་སྲིད། མི་གཅིག་མང་ན་སྟོབས་ཤུགས་དེ་བས་ཆེ”ཁྲོ་ཆུ་རྫོང་ཏེ་ཤེ་གྲོང་རྡལ་དང་བར་ཐག་སྤྱི་ལེ་100ལྷག་ཙམ་ཡོད་པས་ཐག་ཉེ་ཤོས་ཀྱི་རྫོང་གྲོང་རེད། རྫོང་དྲག་ཆས་པུའི་ཆབ་སྲིད་ཨུ་ཡོན་ལེང་ཅེ་ཅུན་ལ་གེགས་སེལ་བཀའ་རྒྱ་འབྱོར་མ་ཐག དེ་མ་ཉིད་དུ་ཡུལ་དམག་70ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གནོད་འཚེ་ཐོན་ཡུལ་དུ་བསྐྱོད། གནོད་འཚེ་ཐོན་ཡུལ་དུ་སླེབས་རྗེས་ཡུལ་དམག་དཔུང་ཁག་གིས་ཚོགས་ཆུང་བགོས་ནས་སྒྲིག་ལམ་གྱི་འགན་ཁུར་བ་དང་དངོས་ཟོག་འབེབས་རོགས་བྱས། “གནོད་འཚེ་ནི་བཀའ་རྒྱ་ལྟ་བུ་ཡིན་པས། དཀའ་སྡུག་ཇི་འདྲ་ཡོད་རུང་ཕྱིར་འཐེན་བྱ་མི་རུང”ཞེས་ལེང་ཅེ་ཅུན་གྱིས་བཤད།
         “ཡོ་བྱད་ནས་བརྡ་རྟགས་མངོན་གྱི་འདུག སྲོག་རྒྱུན་ཡོད་པ་འདྲ”ཚེས་25ཉིན་གྱི་ཉིན་དགུང་བར་སྲོག་རྒྱུན་འཚོལ་ཆས་མང་པོ་སྤྲད་པའི་དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་དང་པོས་རོགས་སྐྱོབ་བྱ་ཡུལ་དུ་ཆུ་ཚོད་20ལྷག་ཙམ་འབད་འཐབ་བྱས་པ་དང་ཡོ་བྱད་ལས་སྲོག་རྒྱུན་གྱི་བརྡ་རྟགས་ཐོན་རེ་བཞིན་དཔོན་དམག་གི་སེམས་སུ་དགའ་ཚོར་ཆེན་པོ་ཡོང་གི་ཡོད། “མི་དམངས་བུ་ཕྲུག་དམག་གིས་རེ་བ་ཏིལ་འབྲུ་ཙམ་ཡང་བློས་གཏོང་བྱེད་ཀྱི་མེད”ཉིང་ལག་རུ་ཁག་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་ཧུའུ་ཧན་ཆོན་གྱིས“ལག་པས་འདྲུ་དགོས་བྱུང་ནའང་ཡུལ་མི་སྤུན་ཟླ་སྐྱོབ་རྒྱུ་ཡིན”ཞེས་བཤད། སི་ཁྲོན་གྱིས་ཕྱོགས་ཡོངས་ནས་སྲོག་རྒྱུན་འཚོལ་བ་དང་། ཚན་རིག་དང་མཐུན་པའི་ངང་སྲོག་སྐྱོབ་པ། འཚོལ་སྐྱོབ་དུས་ཚོད་ཡག་ཤོས་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་གནོད་འཚེ་ཐོན་ཡུལ་དུ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཡོད། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས“6·24”ཡི་མའོ་རྫོང་ཏེ་ཤེའི་མཐོ་ས་ནས་རི་ཉིལ་བའི་ཐོལ་བྱུང་གནོད་འཚེའི་ཉེན་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་བཙུགས་པ་དང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་དབྱི་ལིས་བཀོད་འདོམས་པུའི་འགན་ཁུར་ནས་གཤམ་དུ་རོགས་སྐྱོབ་ཚོགས་ཆུང་དང་། སྨན་བཅོས་སྲོག་སྐྱོབ་ཚོགས་ཆུང་། འགྲིམ་འགྲུལ་ཤར་གཏོང་ཚོགས་ཆུང་། གནས་སྤོ་གྲལ་བཤེར་ཚོགས་ཆུང་། མང་ཚོགས་ལས་དོན་ཚོགས་ཆུང་། ཆ་འཕྲིན་དྲིལ་བསྒྲགས་ཚོགས་ཆུང་། འབྲེལ་ཆད་མི་སྣའི་གྲལ་བཤེར་ཚོགས་ཆུང་། འགན་ལེན་བསྐྱར་སྐྲུན་ཚོགས་ཆུང་བཅས་ཚོགས་ཆུང་8བཙུགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་བཀོད་འདོམས་དང་ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེ་ཐོན་ཡུལ་དུ་འཚོལ་སྐྱོབ་བྱེད་བཞིན་ཡོད། དྲ་མིག་ཅན་གྱི་རོགས་སྐྱོབ་སྒྲིག་འཛུགས་བྱས་ཏེ་སྟོབས་ཤུགས་སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་འཚོལ་སྐྱོབ་ལ་ཁྱབ་ཁོངས་ཕྱེ་ནས་ཚན་རིག་དང་མཐུན་པའི་ངང་ལག་རྩལ་དང་སྒྲིག་ཆས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་བདེ་འཇགས་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྲོག་སྐྱོབ་མི་སྣར་རྨ་སྐྱོན་མི་ཕོག་པ་བྱས་ཡོད།
         “ཁ་ལག་བཏང་སོང་། ཁ་ལག་བཏང་སོང” ཚེས་25ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པར་སླེབས་ནའང་ཆུ་གར་གྲོང་ཚོ་ནས་ཡིན་པའི་ཆོན་ཤིང་ལི་དང་དེ་མིན་གྱི་གྲོང་མི་འགའ་ཞིག་གིས་སྔར་བཞིན་རོགས་སྐྱོབ་མི་སྣར་བཟའ་མ་སྐྱེལ་རྒྱུར་བྲེལ། གྲོང་མིས་བསྐྱལ་བའི་ཟ་མ་ཁ་ཕྱེ་སྐབས་སྔོ་ཚལ་གྱི་དྲི་ཞིམ་དེ་མ་ཉིད་དུ་འཐུལ་འོང་།“ང་ཚོའི་གྲོང་ཚོ་ཤིན་མུའོ་གྲོང་ཚོ་དང་ཐག་ཉེ་པོ་ཡོད་པས་གྲོང་ཚོ་ཡོངས་ཀྱི་མི་ཚང་མ་རོགས་པ་བྱེད་པར་ཡོང་བ་ཡིན། གྲོང་མི་ཚོས་ཚོགས་ཆུང་གཉིས་ལ་བགོས་ནས་ལ་ལས་རོགས་སྐྱོབ་དཔུང་ཁག་ལ་ཟ་མ་མཁོ་འདོན་བྱས་པ་དང་ལ་ལས་གཞུང་ལམ་བཤངས་རོགས་བྱེད་ཀྱི་ཡོད”ཅེས་ཆོན་ཤིང་ལིས་གསར་འགོད་པར་བཤད།
         ཚེས་25ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོར་མའོ་རྫོང་མི་དམངས་སྨན་ཁང་གི་ཚོགས་ཁང་ནང་གི་གློག་སྔར་བཞིན་ཁྲ་ཆིལ་ལིར་སྤར་ཡོད། རྒྱལ་ཁབ་འཆར་བཙའ་ཨུ་ལྷན་དང་། སི་ཁྲོན་ཞིང་ཆེན་འཆར་བཙའ་ཨུ་ལྷན། རྔ་པ་སྲིད་གཞུང་བཅས་ཀྱི་འགན་ཁུར་བ་དང་རིམས་འགོག་རིགས་གཅིག་མཁས་ཅན་གྱིས་འཕྲོད་བསྟེན་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་བཀོད་སྒྲིག་སྐོར་གྲོས་མོལ་གནང་བཞིན་ཡོད། ཚོགས་འདུའི་ཐོག“མཐའ་འཁྱོངས་དང་མཐའ་འཁྱོངས་མུ་མཐུད་མཐའ་འཁྱོངས་དང་འཚོལ་སྐྱོབ་དང་འཚོལ་སྐྱོབ་མུ་མཐུད་འཚོལ་སྐྱོབ་བྱེད་དགོས”འཕྲོད་བསྟེན་རིམས་འགོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་འགོག་བཅོས་བྱེད་པ་དང་ཆབས་ཅིག ཞིང་ཆེན་དང་། ཀྲོའུ། རྫོང་བཅས་རིམ་གསུམ་འཕྲོད་བསྟེན་འཆར་བཙའ་སྡེ་ཚན་བཅས་དང་མཉམ་འབྲེལ་བྱས་པའི“6·24”ཡི་ཏེ་ཤེའི་རི་ཉིལ་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོབ་ཀྱི་འཐབ་ས་མདུན་མའི་བཀོད་འདོམས་པུའུ་བཙུགས་ནས་ད་རེས་ཀྱི་སྨན་བཅོས་རོགས་སྐྱོབ་ལས་དོན་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་འགན་ལེན་བྱེད་དགོས་པ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།