འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་རྒྱལ་མོས"ཡོ་རོབ་མནའ་འབྲེལ་ནས་འདོན"རྗེས་བརྟན་ལྷིང་འགན་ལེན་
    བྱ་རྒྱུ་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་21ཉིན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་གྲོས་ཚོགས་ཀྱི་གྲོས་ཁང་གོང་མའི་ཐོག་སྲིད་གཞུང་གསར་པའི་འབྱུང་འགྱུར་གྱི་སྲིད་སྐྱོང་དང་ཁྲིམས་འཛུགས་འཆར་གཞི་སྒྲོག་སྦྱངས་གནང་སྐབས་དབྱིན་ཇི་འདི་ཉིད་གོ་རིམ་ལྡན་པ་དང་བདེ་བླག་ངང“ཡོ་རོབ་མནའ་འབྲེལ་ནས་འདོན་རྒྱུ”མ་ཟད། བརྟན་ལྷིང་འགན་ལེན་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས།
         དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པ་དེ་ཉིན་དབྱིན་ཇིའི་སྐབས་གསར་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། སྲོལ་རྒྱུན་ལྟར་ན་དབྱིན་ཇིའི་རྒྱལ་མོས་སྐབས་རིམ་བྱུང་གི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་གནང་ནས་འབྱུང་འགྱུར་གྱི་སྲིད་སྐྱོང་དང་ཁྲིམས་འཛུགས་འཆར་གཞི་སྒྲོག་སྦྱངས་གནང་གི་ཡོད། དབྱིན་ཇིའི་རྒྱལ་མོས་ད་རེས་ཀྱི་གཏམ་བཤད་ནང་འབྱུང་འགྱུར་ལོ་གཉིས་ཀྱི་འཆར་གཞི་སྒྲོག་སྦྱངས་གནང་བ་དང་ནང་དོན་ཁག་གཅིག“ཡོ་རོབ་མནའ་འབྲེལ་ནས་འདོན་པ”དང་འབྲེལ་བ་ཡོད། ཉིན་གཉིས་གོང་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་དབར“ཡོ་རོབ་མནའ་འབྲེལ་ནས་འདོན་རྒྱུའི”གྲོས་མོལ་དངོས་སུ་བྱེད་འགོ་ཚུགས་ཡོད།
         དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་དབར“གྲོས་མཐུན་ཡག་ཤོས་ཡིན་སྲིད་པ”ཞིག་འཇོག་ཐུབ་པ་བྱ་རྒྱུ་ནི་དབྱིན་ཇི་སྲིད་གཞུང་གི་ལས་ཀའི་གཙོ་གནད་གཅིག་ཡིན་ཞེས་གསུངས། དེ་ཉིན་ཁོང་གིས་སྒྲོག་སྦྱངས་གནང་བའི་སྲིད་སྐྱོང་དང་ཁྲིམས་འཛུགས་འཆར་གཞི་27ནང་རྣམ་གྲངས་8“ཡོ་རོབ་མནའ་འབྲེལ་ནས་འདོན་རྒྱུ”དང་འབྲེལ་བ་ཡོད་པ་སྟེ་བཅའ་ཁྲིམས་དང་། འགག་སྒོའི་དཔྱ་ཁྲལ། མི་སེར་གནས་སྤོ་སོགས་ཐད་ཀྱི་བཀོད་སྒྲིག་ཚུད་ཡོད།
         དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས་དབྱིན་ཇི་སྲིད་གཞུང་གིས་དབྱིན་ཇིའི་འཇིགས་རྒོལ་ཐབས་ཇུས་ལ་མནོ་བསམ་བཏང་སྟེ་ཁྲིམས་འཛུགས་བརྒྱུད་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།