འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་15ཡིས་ཐུན་མོང་ཐོག་ལས་ཞུགས་བོད་སྐྱོར་ཇུས་ཆེན་ལ་གྲོས་
    བསྡུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལས་ཞུགས་བོད་སྐྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་བྱེད་པའི་ལས་དོན་འཕེལ་རྒྱས་ཡག་པོ་ཡོང་བར་སྔར་བས་སྐུལ་མ་གཏོང་ཆེད། རྒྱལ་ཁབ་མི་སྤྱི་པུའི་ལས་ཞུགས་སྐུལ་འདེད་སིས་སྣེ་ཁྲིད་པའི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་ལས་ཞུགས་སྐུལ་འདེད་སྡེ་ཚན་14ཡི་འགན་འཁུར་བ་ལྷ་སར་འཛོམས་ཏེ། བོད་ལྗོངས་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་བྱེད་པའི་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་མཉམ་དུ་བོད་སྐྱོར་ཇུས་ཆེན་ལ་གྲོས་བསྡུར་ཡང་བྱས་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་ནི་རྒྱལ་ཁབ་མི་སྤྱི་པུའུ་ལས་ཞུགས་སྐུལ་འདེད་སི་དང་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྔར་བས་དོན་འཁྱོལ་བྱས་ཏེ་ལས་ཞུགས་བོད་སྐྱོར་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་བོད་སྐྱོར་གྱི་ཕན་འབྲས་དངོས་ལ་སྐུལ་མ་ཤུགས་ཆེན་གཏོང་བའི་ཚོགས་འདུ་གལ་ཆེན་ཞིག་རེད། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཁྱད་ཡོན་ངོམ་པ་དང་བྱས་རྗེས་འཇོག་པའི་སྟེགས་བུ་ཡངས་པོ་ཞིག་བསྐྲུན་པ་དེས་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། འདུ་ཚོགས་ཐོག་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་གཉིས་ཀྱིས་ཕན་ཚུན་བསམ་འཆར་བརྗེ་རེས་བྱས་ནས་ལས་ཞུགས་ལས་གནས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་དགོས་མཁོར་གཞིགས་ནས་ཕན་ཚུན་སྦྲེལ་མཐུད་བྱས་ཏེ་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྱད་ཆོས་དང་མཐུན་པའི་ལས་གནས་སྔོག་འདོན་གང་ལེགས་བྱ་རྒྱུ་ཡིན་པ་རེད།
         ལྗོངས་མི་སྤྱི་ཐིང་གི་འགན་འཁུར་བས་རོགས་སྐྱོར་བྱ་ཡུལ་བོད་ལྗོངས་ཀྱི་ངོས་ནས་ལས་ཞུགས་བོད་སྐྱོར་སྐོར་གྱི་ཀྲུང་དབྱང་དང་མི་སྤྱི་པུའུ་ཡི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱི་སྤེལ་རེས་སྦྲེལ་མཐུད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ལས་ཞུགས་བོད་སྐྱོར་གྱི་སྲིད་ཇུས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་དང་སྦྲགས་ཟླ་དྲུག་པ་ནས་བཟུང་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྱད་ཆོས་དང་འཚམས་པའི་ལས་ཞུགས་ལས་གནས་ཀྱི་སྦྲེལ་མཐུད་འདུ་ཚོགས་དང་། རྒྱུགས་བསྡུའི་འདུ་ཚོགས། ཆེད་དོན་ལས་བསྡུའི་འདུ་ཚོགས་བཅས་སྔ་རྗེས་སུ་ཐེངས་མང་འཚོགས་ནས་ཐེམ་ཁུངས་བོད་ནས་ཡིན་པའི་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མས་རང་སྐྱོང་ལྗོངས་མི་སྤྱིའི་དྲ་བར་དོ་ཁུར་བྱས་ཏེ་དུས་ཐོག་ཏུ་ལས་བསྡུའི་ཆ་འཕྲིན་ཤེས་རྟོགས་བྱས་ནས་ཧུར་ཐག་ཞུགས་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།