འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅༎ཕོར་ཐིའུ་ཀལ་གྱི་ནགས་ཚལ་ཞིག་ལ་མེ་སྐྱོན་ཤོར་ནས་འདས་པོའི་མི་གྲངས་62སུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎ཕོར་ཐིའུ་ཀལ་གྱི་ནགས་ཚལ་ཞིག་ལ་མེ་སྐྱོན་ཤོར་ནས་འདས་པོའི་མི་གྲངས་62སུ་འཕར་བ།
          མི་དམངས་དྲ་བའི་འཕྲིན། ཕོར་ཐིའུ་ཀལ་རྒྱལ་ཁབ་ཀྱི་ནང་སྲིད་རྒྱལ་དོན་ཁང་གི་དྲུང་ཡིག་རཱོ་རེའེ་ཀའོ་མེ་ཟི་(Jorge Gomes)ཡིས་ཟླ་6ཚེས་18ཉིན་བཤད་པ་ལྟར་ན། ཕོར་ཐིའུ་ཀལ་རྒྱལ་ཁབ་ཀྱི་དབུས་ཁུལ་གྱི་ནགས་ཚལ་ཞིག་ལ་མེ་སྐྱོན་ཤོར་ཏེ་འདས་པོའི་མི་གྲངས་62སུ་འཕར་བ་དང་མི་54ལ་རྨས་སྐྱོན་བྱུང་བ་རེད། ཕོར་ཐིའུ་ཀལ་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་རྒྱལ་ཁབ་ཛ་དྲག་གི་རིམ་པར་སླེབས་ཡོད་ཅིང་། ཚེས་18ནས་བཟུང་རྒྱལ་ཡོངས་སུ་ཉིན་གསུམ་རིང་མྱ་ངན་ཞུ་རྒྱུ་ཡིན་པར་ཡོངས་བསྒྲགས་བྱས། 
         ཀའོ་མེ་ཟི་ཡིས། གསར་དུ་བསྣན་པའི་འདས་པོའི་མི་གྲངས་ནང་མི་གཉིས་ནི་རླངས་འཁོར་གྱི་དོན་རྐྱེན་དབང་གིས་འདས་པ་དང་། རྨས་མའི་ནང་མི་བཞིའི་གནས་ཚུལ་ཤིན་ཏུ་ཛ་དྲག་རེད་ཟེར།
         ཀའོ་མེ་ཟི་ཡིས་དེའི་སྔོན་ལ། འདས་པོའི་ཁྲོད་མི་18ནི་རང་གི་རླངས་འཁོར་ནང་མེ་སྐྱོན་ཤོར་བའི་ས་ཁུལ་གྱི་གཞུང་ལམ་སྟེང་བགྲོད་དུས་འདས་བ་དང་། མི་3ནི་དུ་སུབས་ཐེབས་ནས་འདས་པ་ཡིན་ལ། རྨས་མ་ཁ་ཤས་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད་ཟེར།
         ད་རེས་ཀྱི་མེ་སྐྱོན་བྱུང་ཡུལ་ནི་དབུས་ཀྱི་ཏཱ་ཕེ་སྒྲི་རོ་ས་ཁུལ་ཡིན་ལ་མེ་སྐྱོན་བྱུང་དུས་ནི་ས་གནས་ཀྱི་དུས་ཚོད་ཚེས་17ཉིན་གྱི་ཆུ་ཚོད་15ཡས་མས་ཡིན་པ་དང་། མེ་ལྕེ་གང་སར་ཁྱབ་ནས་མེ་སྐྱོན་ཆེན་པོ་བྱུང་ཡོད་ལ། མེ་གསོད་རུ་ཁག་གིས་ད་དུང་གནོད་ཁུལ་དུ་མེ་གསོད་བཞིན་ཡོད་པ་རེད།
         ཉེན་རྟོག་ཕྱོགས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། ཐེངས་འདིའི་མེ་སྐྱོན་འབྱུང་རྐྱེན་ནི་སྡོང་པོ་ཞིག་ལ་ཐོག་བརྒྱབ་པའི་དབང་གིས་ཡིན་པ་དང་། སྡོང་པོ་དེ་གང་ཡིན་པ་ཡང་ཤེས་ཡོད་པ་རེད།
         ཕོར་ཐིའུ་ཀལ་རྒྱལ་ཁབ་ཀྱི་སྲིད་འཛིན་དྷེ་སའོ་སཱ་(de Sousa)ཚེས་17ཉིན་གྱི་མཚན་མོར་ཡུལ་དངོས་སུ་བསྐྱོད་ནས་རོགས་སྐྱོབ་ལས་ཀར་མཛུབ་སྟོན་བྱས་པ་དང་། འདས་པོ་དག་ལ་མྱ་ངན་དང་རྨས་མ་དག་ལ་ཁམས་འདྲི་བྱས་པ་རེད། ཕོར་ཐིའུ་ཀལ་གྱི་ཙུང་ལི་ཁོ་སི་ཐཱ་གནོད་ཁུལ་ལ་སོང་ནས་རོགས་སྐྱོབ་ལ་མཛུབ་སྟོན་བྱས་པ་དང་། ཁོས་བསྟན་པ་ལྟར་ན། འདི་ནི་ལོ་འདི་འགའི་རིང་ཕོར་ཐིའུ་ཀལ་ལ་བྱུང་བའི་ནགས་ཚལ་མེ་སྐྱོན་ཛ་དྲག་ཆེ་ཤོས་ཡིན་པ་དང་། མེ་སྐྱོན་ལ་ཚོད་འཛིན་བྱེད་རྒྱུ་ནི་ད་ལྟ་ཁ་ཚ་དགོས་གཏུག་ཀྱི་དོན་དག་ཞིག་རེད་ཟེར།
    【1】  【2】  【3】  【4】  【5】
    ༄༅༎ཕོར་ཐིའུ་ཀལ་གྱི་ནགས་ཚལ་ཞིག་ལ་མེ་སྐྱོན་ཤོར་ནས་འདས་པོའི་མི་གྲངས་62སུ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།