འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ལྗོངས་སྐོར་གྱི་གློག་བརྙན་ཇེ་མང་དུ་འགྲོ་བཞིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བ་དྲུག་པར་བོད་སྐད་གློག་བརྙན་《བཅིངས་འགྲོལ་དམག་མི་》ཞེས་པ་ལྷ་སར་ཐོག་མར་བསྟན་རྗེས། བོད་རང་སྐྱོང་ལྗོངས་འདམ་གཞུང་རྫོང་སྲིད་གཞུང་གིས་མཉམ་ཞུགས་དང་། ཇུས་བཀོད། མ་འཇོག པར་ལེན་བཅས་བྱས་པའི་《གནམ་མཚོའི་ལས་འབྲེལ་》ཞེས་པ་ཚེས་16ཉིན་ལྷ་སར་ཐོག་མར་སྟོན་པའི་མཛད་སྒོ་འཚོགས་པ་རེད།
         གློག་བརྙན་ནང་། བོད་རིགས་སྨན་པ་ཆོས་མཚོ་འབྲོག་ཕྲུག་ཅིག་ནས་གྲོང་ཚོའི་སྨན་པར་གྱུར་པའི་བྱུང་བ་བརྗོད་དེ་ལྷད་མེད་གཤིས་བཟང་དང་། བོད་རིགས་ས་ཁུལ་ལ་གཞིས་ཆགས་པ། གཞན་ཕན་བསྒྲུབ་རྒྱུར་གཞོལ་བའི་བོད་རིགས་ས་ཁུལ་གྱི་གྲོང་ཚོའི་སྨན་པའི་གཟུགས་བརྙན་ཞིག་བཏོད་ཡོད་ལ། ད་དུང་གློག་བརྙན་ནང་བོད་བྱང་ཐང་གི་ཡིད་དབང་འཕྲོག་པའི་དམངས་སྲོལ་ཡང་མིག་ལམ་དུ་ཇི་བཞིན་མངོན་པར་བྱས་ཤིང་། མི་སྣ་གཙོ་བོ་དག་བོད་རིགས་འཁྲབ་སྟོན་པ་ཡིན།
         འདམ་གཞུང་རྫོང་གི་རྫོང་དཔོན་འཆི་མེད་ཚེ་རིང་གིས་གློག་བརྙན་འདི་སྟོན་པའི་ཚོད་ལྟ་བྱས་ནས་མི་སྔར་བས་མང་བས་བོད་ཀྱི་མི་སེར་དཀྱུས་མའི་ཕུགས་འདུན་དོན་གཉེར་གྱི་བརྒྱུད་རིམ་ལ་རྒྱུས་མངའ་ཡོང་བ་དང་ངོ་མཚར་ཆེ་བའི་གནམ་མཚོ་ཤེས་རྟོགས་ཀྱིས་འདམ་གཞུང་དང་ཐ་ན་བོད་ཀྱི་རིག་གནས་ཧྲིལ་པོ་ཡུལ་སྐོར་ཐོན་ལས་དང་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
         གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་རིག་གནས་ཀུང་སི་མཉམ་དུ་ཞུགས་ཤིང་པར་དུ་བླངས་པའི་བོད་ཀྱི་ས་ཁོངས་དང་རིག་གནས་ཀྱི་ཁྱད་ཆོས་མངོན་པའི་གློག་བརྙན་སྟོན་གྲངས་མང་དུ་འགྲོ་བཞིན་ཡོད། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྲིད་གཞུང་གིས་མཉམ་དུ་ཞུགས་པ་དང་། མ་དངུལ་བཏང་བ། པར་ལེན་བཅས་བྱས་པའི་གློག་བརྙན་《ཧི་མ་ལ་ཡའི་བླ་སྲོག་》ཅེས་པ་དེ་ཡང་འདི་ལོའི་ཟླ་གསུམ་པར་འཛམ་གླིང་གི་མི་རིགས་གློག་བརྙན་དུས་ཆེན་ནང་ཚུད་པ་དེས་བོད་ཀྱི་ལྷོ་པའི་རིག་གནས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བསྟན་ཡོད།
         "བོད་ལ་ཡུལ་སྐོར་དུ་ཡོང་མཁན་མང་དུ་སོང་བ་དང་ཆབས་ཅིག མི་རྣམས་ཀྱིས་བོད་ཀྱི་རིག་གནས་ལ་དོ་སྣང་བྱེད་ཚད་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད། བོད་ལྗོངས་སྐོར་གྱི་གློག་བརྙན་ཇེ་མང་དུ་འགྲོ་བཞིན་པ་དེས་ས་གནས་ཀྱི་གློག་བརྙན་བའི་གསར་རྩོམ་གྱི་སྤྲོ་སྣང་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་ནས་ཁྱོན་ཡོངས་དང་། ཇི་མ་ཇི་བཞིན་གྱི་ཐོག་ནས་འཛམ་གླིང་ལ་བོད་ཀྱི་གཏམ་རྒྱུད་བརྗོད་ཐུབ་ངེས་རེད"ཅེས་《གནམ་མཚོའི་ལས་འབྲེལ་》ཞེས་པའི་གློག་བརྙན་ལྟ་ཞིབ་བྱས་ནས་བཟོ་མཁན་ཆང་ཀོས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།