འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅༎ཕ་ན་མའི་སྲིད་ཕྱོགས་དང་ཚོང་དོན་ལས་རིགས་ཀྱི་མི་སྣས་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་
    བཙུགས་པ་དེ་བློ་གྲོས་ལྡན་པའི་ཐབས་ཤིག་ཡིན་པའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་20ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
          མི་དམངས་དྲ་བའི་འཕྲིན། ཕ་ན་མའི་དུས་ཚོད་ཚེས་12(པེ་ཅིང་དུས་ཚོད་ཚེས་13)ཉིན་ཀྲུང་གོ་དང་ཕ་ན་མ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་ཤིང་། གཏམ་བཟང་དེར་ཕ་ན་མའི་སྲིད་ཕྱོགས་དང་ཚོང་དོན་ལས་རིགས་ཀྱི་མི་སྣའི་དགའ་བསུ་ཐོབ་པ་དང་ཁོང་ཚོས་དེ་ནི"བློ་གྲོས་ལྡན་པའི་ཐབས་ཤིག་ཡིན་པའི"ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
         ཕ་ན་མ་ཞིང་བཟོ་ཚོང་གསུམ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབྱི་ནོ་སེན་ཤི་ཨའོ·ཅཱ་ལིན་ཏོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་གཏན་འབེབས་ཤིག་ཡིན། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་པ་ལས་ཕྱོགས་གཉིས་པོར་ཕན་པ་ཐོབ་རྒྱུ་རེད། ཕ་ན་མའི་ཙུང་ཐུང་པཱ་ལུའེ་ལཱ་ཡིས་གཏན་འབེབས་དེ་ལྟ་བུ་གནང་བ་ནི་ལས་སླ་པོ་ཞིག་མིན་ལ་ཤིན་ཏུ་རྩ་ཆེ་བ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
         ཁོང་གིས་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེན་པོ་ཨང་གཉིས་པ་དེ་ཡིན་ལ་ཕ་ན་མ་མིས་བཟོས་གཙང་པོ་སྤྱོད་མཁན་གཙོ་བའི་གྲས་ཤིག་ཀྱང་ཡིན། ཕ་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དེས་ཕྱོགས་གཉིས་པོར་གོ་སྐབས་གསར་པ་ཐོབ་རྒྱུ་ཡིན་ཞིང་། ཕ་ན་མར་ལག་རྩལ་དང་ཟོག་འགྲེམས་སོགས་ཁྱབ་ཁོངས་ཐད་མ་འཇོག་བྱེད་མཁན་མང་དུ་འགྲོ་རྒྱུ་མ་ཟད། ཕ་ན་མར་ཡོད་པའི་གླིང་ཆེན་ཨ་མེ་རི་ཁའི་རང་མོས་ཉོ་ཚོང་ཁུལ་ཆེ་ཤོས་ཏེ་ཁེ་ལུང་རང་མོས་ཉོ་ཚོང་ཁུལ་ལའང་དེའི་ཁྲོད་ནས་ཕན་པ་ཐོབ་རྒྱུ་ཡིན་ཞེས་གསུངས་པ་རེད།
          གླིང་ཆེན་ཨ་མེ་རི་ཁའི་རྒྱལ་ཁབ་རྩ་འཛུགས་སུ་བཅའ་སྡོད་ཕ་ན་མའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཨེན་ལི་ཁེ·ཨ་ཐུའུ་ལུའོ·ཏེ·ཨའོ་པ་ལི་ཨའོ་ཡིས་ཕ་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཐབས་ཇུས་ཡང་དག་ཅིག་རེད། ཕ་ན་མ་ཙམ་མ་ཟད་ས་ཁུལ་ཧྲིལ་པོར་དེའི་ཁྲོད་ནས་ཕན་པ་ཐོབ་རྒྱུ་རེད། ས་ཁམས་ཀྱི་གནས་སྟངས་སོགས་ཐད་ཕ་ན་མར་ཡོད་པའི་ལེགས་ཆ་ལས་ཕ་ན་མ་འདི་ཉིད་ཀྲུང་གོ་གླིང་ཆེན་ཨ་མེ་རི་ཁ་ཧྲིལ་པོར་སྐྱོད་པའི་སྟེགས་བུ་ལེགས་ཤོས་ཤིག་ཏུ་འགྱུར་རྒྱུ་རེད་ཅེས་གསུངས་པ་དང་། ཁོང་གིས་ཀྲུང་གོས་ཕ་ན་མ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དེ་ཀྲུང་གོས་ཁྱབ་གདལ་གཏོང་བའི"རྒྱུད་གཅིག་ལམ་གཅིག"འཛུགས་རྒྱུ་དང་ཡང་མཐུན་པའི་ངོས་འཛིན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།