འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅༎ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ལག་
    བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་ཁུལ་སྲིད་གཞུང་གིས་《བདེ་ཆེན་ཁུལ་གྱིས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་》བཀྲམ་སྟེ། མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། ལས་ཀའི་དམིགས་ཚད། གཙོ་གནད་ནང་དོན། འགན་སྲུང་བྱེད་ཐབས། ལས་ཀའི་བླང་བྱ་སོགས་ཀྱི་ཐད་ནས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུར་སྐུལ་འདེད་གཏོང་བའི་ལས་ཀའི་དམིགས་ཚད་དང་བྱེད་ཐབས་ཞིབ་ཕྲ་བཟོས་པ་རེད།
         《ཇུས་གཞི་》ནང་བསྟན་དོན། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ལག་བསྟར་བྱེད་པའི་དམིགས་ཡུལ་ནི། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་ཞུ་སྟངས་དང་ཞབས་ཞུའི་ལྟ་ཚུལ་བསྒྱུར་བ། སྨན་བཅོས་ཐོན་ཁུངས་ཀྱི་བཀོད་སྒྲིག་ལས་ཕྱོད་ཆེ་རུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་གྱི་ལས་ཀའི་གཙོ་གནད་དང་ཐོན་ཁུངས་གཤམ་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ། ཁྱིམ་ཚང་སྨན་པས་རྨང་གཞི་བྱེད་པའི་རིམ་དབྱེའི་ནད་དཔྱད་ཞབས་ཞུ་འཛུགས་པ། མཁོ་ཆོད་སྨན་པའི"བདེ་ཐང་སྲུང་སྐྱོང་བའི"ནུས་པ་གང་ལེགས་འདོན་པ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ་དང་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་བྱས་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་དགོས།
         གན་འཇོག་ཞབས་ཞུའི་གཞི་རྩའི་རྩ་དོན་ནི། སྤྱི་ཕན་གྱི་ངོ་བོ་མཐའ་འཁྱོངས་ཀྱིས་མང་ཚོགས་ལ་རང་འགུལ་ངང་ཕྱོགས་བསྡུས་དང་། རྒྱུན་མཐུད། མཐུན་སྦྱོར་བཅས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱས་པ་དང་། རང་མོས་གན་འཇོག་མཐའ་འཁྱོངས་ཀྱིས་གན་འཇོག་ཞབས་ཞུའི་ནང་དོན་ལ་ཤེས་རྟོགས་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཡུལ་མིས་རང་ཏོགས་ངང་ཁྱིམ་ཚང་སྨན་པ་འདེམས་པ་དང་། ཞབས་ཞུའི་གྲོས་མཐུན་ཡི་གེ་བཞག་ནས་ཁ་ཆད་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ། རིམ་པས་ཇེ་བཟང་ཡོང་བ་མཐའ་འཁྱོངས་ཀྱིས་སྔོན་ལ་བགྲེས་སོང་དང་། སྦྲུམ་མ། བྱིས་པ། དབང་པོ་སྐྱོན་ཅན། ཁྲག་ཤེད་མཐོ་བ། གཅིན་སྙི་ཟ་ཁུའི་ནད། གློ་གཅོང་། དབང་ཤེས་ཉམས་པའི་ནད་པ་ཚབས་ཆེ་རིགས། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་ལེན་བྱ་ཡུལ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་སོགས་ཀྱི་མི་ཚོགས་ལ་ཁྱབ་པར་བྱས་ནས་རིམ་གྱིས་ཕྱོགས་སྡོམ་དང་འཐུས་ཚང་ཡོང་བ་བྱས་ཐོག་གན་འཇོག་ཞབས་ཞུ་ཁྱིམ་ཚང་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད།
         གན་འཇོག་ཞབས་ཞུ་བྱ་ཡུལ་ནི། རྩ་དོན་ཐད་ཡུལ་མི་ཡོངས་ལ་དམིགས་པ་ཞིག་ཡིན། ཐོག་མའི་དུས་རིམ་དུ་གན་འཇོག་ཞབས་ཞུ་བྱ་ཡུལ་གཙོ་བོ་ནི་ལོ་ན་65ཡན་གྱི་བགྲེས་སོང་དང་། སྦྲུམ་མ། སློབ་ཞུགས་གོང་གི་བྱིས་པ། གཅོང་ནད་ཅན། གློ་གཅོང་ནད་པ། ཁྱིམ་དུ་སྨན་བཅོས་བྱེད་པའི་དབང་ཤེས་ཉམས་པའི་ནད་པ་ཚབས་ཆེ་རིགས། སྨན་བཅོས་རྒྱུན་འཁྱོངས་བྱེད་པའི་འབྲས་སྐྲན་ཕོག་པའི་ནད་པ། ན་ཚའི་རྐྱེན་གྱིས་དབུལ་པོར་གྱུར་པའི་ནད་པ། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་ལེན་བྱ་ཡུལ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ། འཚོ་བའི་ནང་སྟབས་བདེ་པོ་མེད་པའི་དབང་པོ་སྐྱོན་ཅན། ཡུན་རིང་པོ་ཉལ་སར་ལུས་པའི་ནད་པ་དང་དེ་བཞིན་གན་འཇོག་ཞབས་ཞུའི་དགོས་མཁོ་ཡོད་པའི་ཡུལ་མི་གཞན་སོགས་ཡིན་པ་རེད།
         གན་འཇོག་ཞབས་ཞུ་བྱེད་སྟངས་ནི། ཚོགས་པའི་གན་འཇོག་ཞབས་ཞུ་ལག་བསྟར་བྱས་ནས་ཁྱིམ་ཚང་སྨན་པའི་ཚོགས་པ་ནི་གཙོ་བོ་ཁྱིམ་ཚང་སྨན་པ་དང་། སྡེ་ཁུལ་གྱི་སྨན་གཡོག སྤྱི་པའི་འཕྲོད་བསྟེན་གྱི་སྨན་པ(སྤྱི་པའི་འཕྲོད་བསྟེན་གྱི་ལས་རོགས་སྨན་པ་དཀའ་བཅུ་པ་ཚུད་པ)སོགས་ཀྱིས་གྲུབ་པ་ཡིན། རིམ་པ་གཉིས་པ་ཡན་གྱི་སྨན་ཁང་གིས་སྨན་པ་དཀའ་བཅུ་པ(ཀྲུང་ལུགས་གསོ་རིག་རིགས་ཀྱི་སྨན་པ་དཀའ་བཅུ་པ)མངགས་ནས་ལག་རྩལ་གྱི་རྒྱབ་སྐྱོར་དང་ལས་སྒོའི་མཛུབ་ཁྲིད་བྱེད་ཀྱི་ཡོད་པ་དང་། རིམ་གྱིས་ཁྱིམ་ཚང་སྨན་པའི་ཚོགས་པ་ཀུན་ལ་ཀྲུང་ལུགས(བོད་ལུགས)དང་ཕྱི་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་ལྡན་པའི་སྨན་པ་དཀའ་བཅུ་པའམ་ཡང་ན་གྲོང་གསེབ་སྨན་པ་ཡོད་པ་བྱས་ནས་ཚོགས་སྒྲིག་རྣམ་པའི་གན་འཇོག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།