འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅༎ཕོ་ལན་གྱི་སློབ་མའི་སེམས་སུ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ན་ནིང་གི་ཟླ་6པར་ལིའུ་ཁྲའོ་ཡིས་སློབ་ཚན་ཁྲིད་པའི་ཕོ་ལན་གྱི་སློབ་ཕྲུག་ཅིག་གིས"རྒྱ་སྐད་འབྲེལ་ཟམ་ཆུང་ངུ"ཞེས་པའི་འགྲན་བསྡུར་ནང་སྙན་ངག་《རྫིང་བུ་》གྱེར་འདོན་བྱས་པས་དཔྱད་འདེམས་ཨུ་ལྷན་གྱི་གདེང་འཇོག་ཡག་པོ་ཐོབ་པ་དང་སྦྲགས་དམིགས་བསལ་བྱ་དགའ་གཅིག་པོ་དེ་ཐོབ་ཡོད།
         "རྒྱ་སྐད་འབྲེལ་ཟམ་ཆུང་ངུ"ཞེས་པའི་འགྲན་བསྡུར་ནི་ཁེ་ལ་ཁོ་ཧྥུའུ་ཁུང་ཙི་སློབ་གླིང་གི་སྲོལ་རྒྱུན་རྣམ་གྲངས་ཤིག་ཡིན་པ་དང་ལོ་རེའི་ཟླ་5པ་ནས་ཟླ་6པའི་རིང་གཉེར་གྱི་ཡོད། རྒྱ་ཡིག་སྦྱོང་མཁན་སློབ་ཆུང་སློབ་མས་ཀྲུང་གོའི་རིག་གནས་དང་འབྲེལ་ཡོད་ཀྱི་འཁྲབ་ཚན་འཁྲབ་སྦྱོང་བྱས་པ་བརྒྱུད་འགྲན་བསྡུར་དེའི་ནང་ཞུགས་ཀྱི་ཡོད།
         འགྲན་བསྡུར་ནང་གྲུབ་འབྲས་བསམ་ཡུལ་ལས་འདས་པ་ཐོབ་ནའང་ལིའུ་ཁྲའོ་ཡི་འདོད་བློ་དེ་ཙམ་ཁེངས་མེད། ཁོང་གིས་སློབ་ཕྲུག་ཚོར་སྙན་ངག་གྱེར་འདོན་བྱེད་པ་ནི་འགྲན་བསྡུར་ཙམ་གྱི་ཆེད་མིན་པར་རྒྱ་ཡིག་ཐོག་མར་སྦྱོང་དུས་ཀྲུང་གོའི་གནའ་བོའི་སྙན་ངག་ལ་མྱོང་རོལ་མང་ཙམ་བྱས་ནས་སེམས་སུ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་བག་ཆགས་ཕྲན་ཙམ་ཡོང་བར་འདོད། གཅིག་བྱས་ན་སྙན་ངག་ཐད་ཁོ་ཚོའི་གོ་བ་ཟབ་མོ་ཞིག་ཆགས་མེད་ཀྱང་སློབ་སྦྱོང་མུ་མཐུད་བྱས་ཚེ་རིམ་གྱིས་རྒྱ་ཡིག་གི་ཕུན་སུམ་ཚོགས་པའི་ཆ་ག་ལེར་ཚོར་ཐུབ་ངེས་ཡིན་པ་མ་ཟད། རྒྱ་ཡིག་ལ་སྔར་བས་དགའ་ཞེན་ཡང་ཡོང་སྲིད་ཅེས་བརྗོད།
        སློབ་མ་ཙམ་ལ་ཕན་ཐོགས་དང་ཤེས་རྟོགས་བྱུང་བ་མིན་པར་ལིའུ་ཁྲའོ་ཁོ་རང་ལའང་ཀྲུང་གོའི་གནའ་བོའི་སྙན་ཚིག་སློབ་ཁྲིད་བྱེད་རིང་རིམ་གྱིས་བློ་སྐྱེད་བྱུང་ཡོད། "སློབ་མའི་དུས་སྐབས་སུ་ངས་ཀྱང་གནའ་བོའི་སྙན་ཚིག་མི་ཉུང་བ་སྐྱོར་ཀློག་བྱས་མྱོང་མོད་ཀྱང་གོ་བ་ཟབ་མོ་ལོན་མ་ཐུབ། ཉེ་བའི་ལོ་ཤས་རིང་སློབ་ཁྲིད་བྱེད་སྐབས་རིམ་གྱིས་དེ་ལ་གོ་བ་ཟབ་མོ་ཞིག་ལེན་ཐུབ་སོང་།"
         མིག་སྔར་ཕོ་ལན་དུ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་བྱེད་མཁན་ཇེ་མང་དུ་འགྲོ་བ་དང་། ཀྲུང་གོའི་སྙན་ཚིག་སློབ་ཚན་ནང་ཁྲིད་པའི་བསྡུར་ཚད་ཀྱང་རིམ་གྱིས་མཐོ་རུ་སོང་ཡོད། ཁེ་ལ་ཁོ་ཧྥུའུ་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཧན་ཤིན་ཀྲུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཁུང་ཙི་སློབ་གླིང་གིས་དུས་བཀག་ནང་ཀྲུང་གོའི་སྙན་ཚིག་གྱེར་འདོན་འདུ་ཚོགས་དང་རིག་གནས་འདུ་ཚོགས་སོགས་རིག་གནས་བྱེད་སྒོ་གཉེར་ནས་ཀྲུང་གོའི་སྙན་ཚིག་ངོ་སྤྲོད་བྱེད་ཀྱི་ཡོད། ཟླ་མཆོད་དུས་ཆེན་སོགས་སྲོལ་རྒྱུན་གྱི་དུས་ཆེན་སྐབས་ཁུང་ཙི་སློབ་གླིང་གིས་ད་དུང་དུས་ཆེན་དེ་དག་དང་འབྲེལ་ཡོད་ཀྱི་བརྩམས་ཆོས་གྲགས་ཅན་དཔེར་ན་《སྐྱོ་གཞས་》སོགས་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད།
         ཧན་ཤིན་ཀྲུང་གིས་སྤྱིར་ན་ཀྲུང་གོའི་གནའ་བོའི་སྙན་ཚིག་ནི་ཕོ་ལན་གྱི་རྒྱ་ཡིག་སྦྱོང་མཁན་ལ་མཚོན་ན་གོ་ཁག་པོ་ཡོད་ནའང་། སྙན་ཚིག་དེ་དག་གིས་ཡུལ་དེ་གའི་མི་རྣམས་ལ་ཀྲུང་གོའི་གནའ་བོའི་རྩོམ་རིག་རྟོགས་པ་དང་། རྒྱ་ཡིག་སྦྱོང་བར་རམ་འདེགས། ཀྲུང་གོའི་རིག་གནས་རྒྱུས་ལོན་རྒྱུ་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།