འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅༎ཨ་ཧྥུ་ཀ་ནི་སི་ཐན་གྱི་ལྷམ་ཕྱིས་མཁན་བྱིས་པའི"དབུལ་སྒྲོལ་ཕུགས་འདུན"

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ལོ་12ལ་སོན་པའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་བྱིས་པ་དབྱི་སི་མེར་གྱིས་ཉིན་ལྟར་ཁྲོམ་གཞུང་དུ་ལྷམ་ཕྱིས་ནས་དཀའ་ཚེགས་ཆེ་བའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།
         དུས་ཡུན་རིང་པོའི་ནང་འཚོ་བཅུད་མ་འདང་བའི་དབང་གིས་དབྱི་སི་མེར་གྱི་གཟུགས་སྟོབས་ལོ་བདུན་བརྒྱད་ལ་སོན་པའི་བྱིས་པ་ཞིག་དང་འདྲ་པོ་འདུག ལོ་6ལ་སོན་པ་ནས་བཟུང་གྲང་ངར་ཆེ་བའི་དགུན་དུས་དང་ཚ་བ་ཆེ་བའི་དབྱར་དུས་གང་ཞིག་ཡིན་རུང་། ཁོ་བོ་ཉིན་ལྟར་ཞོགས་པ་ཁྱིམ་ནས་ཐོན་ཏེ་ལྟོ་ཕད་ནག་པོ་ཞིག་ནང་ལྷམ་ཕྱིས་ཡོ་བྱད་དང་འཇུར་རྩི་ཁ་ཤས་དང་ལྷམ་ཕྱིས་སྐབས་ལྷམ་ཕྱིས་པར་ཡོང་མཁན་གྱིས་གྱོན་རྒྱུར་སྤྱོད་པའི་འདྲུད་ལྷམ་ཁ་ཤས་བླུགས་ཡོད་པ་རེད། རྐང་ཐང་ལ་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་རྗེས་ཁོ་བོ་ཅུང་འདུ་འཛི་ཆེ་བའི་ཁྲོམ་གཞུང་ཞིག་ཏུ་འབྱོར་ནས་ཁྲོམ་ཟུར་ཞིག་ཏུ་བསྡད་དེ་ལྟོ་ཕད་ནང་ནས་ལྷམ་ཕྱིས་ཡོ་བྱད་དེ་དག་བཏོན་ཏེ་ལྷམ་ཕྱི་བར་ཡོང་མཁན་དག་ལ་བསྒུགས་ནས་བསྡད།
         ཕོ་གཞོན་ཞིག་ཁོ་བོའི་ལྷམ་ཕྱི་སར་ཡོང་ནས་དབྱི་སེ་མེར་ལ་ལྷམ་ཕྱི་རུ་བཅུག ཏོག་ཙམ་སོང་རྗེས་ཕོ་གཞོན་དེའི་ཐལ་བས་ཁེངས་པའི་ལྷམ་གཙང་རྐྱང་ཕྱིས། ཕོ་གཞོན་དེས་ཨམ་ཕྲག་ནས་དངུལ་སིལ་མ་བཏོན་ཏེ་དབྱི་སི་མེར་ལ་སྤྲད་པས་ཁོ་བོར་ལྷམ་ཕྱིས་པའི་དངུལ་དང་པོ་དེ་རག
         "ངས་ཉིན་ལྟར་ལྷམ་ཆ་ལྔ་དྲུག་ཕྱི་ཀྱིན་ཡོད། ལྷམ་ཆ་རེ་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཧན་ཉི་བཅུ་ཉི་ཤུ(ཨ་ཧྥུ་ཀི་ནི་སི་ཐན་གྱི་ཧན་ཉི་10ལ་མི་དམངས་ཤོག་སྒོར་1ཡིན་པ)རག་གི་འདུག ཡིན་ནའང་ལྷམ་ཕྱིས་མཁན་སེམས་བཟང་ཅན་མང་པོ་ཞིག་གིས་ང་ལ་དངུལ་དེ་བས་མང་བ་སྤྲོད་ཀྱི་འདུག་པས་ང་ལ་ཉིན་གཅིག་ལ་ཡོང་འབབ་ཨ་ཧྥུ་ཀི་ནི་སི་ཐན་གྱི་ཧན་ཉི་བརྒྱ་ཉིས་བརྒྱ་རག་གི་འདུག"ཅེས་དབྱི་སི་མེར་གྱིས་གསར་འགོད་པར་བཤད།
         དབྱི་སི་མེར་ཁ་པུར་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་སྡོད་པ་དང་། ནང་མི་རྣམས་ཀྱིས་ཁང་མིག་གཉིས་ལས་མེད་པའི་ཁང་པ་ཆུང་ངུ་ཞིག་བོགས་མར་བླངས་ཡོད་པ་རེད། གསར་འགོད་པ་དེའི་ནང་གི་ཁང་པ་གཅིག་ནང་དབྱི་སི་མེར་དང་ཁོ་བོའི་ནང་མི་འཕྲད་བྱུང་། དབྱི་སི་མེར་དང་ཁོ་བོའི་གཅུང་མོས་སེམས་རྩ་འཁོལ་པོས་གསར་འགོད་པར་ལག་པ་བཏང་བ་དང་འབྲེལ་འཚམས་འདྲི་ཡང་བྱས་བྱུང་།
         དབྱི་སི་མེར་གྱིས་གསར་འགོད་པར་བརྗོད་པར་གཞིགས་ན། ཁོ་ཚོའི་ཁྱིམ་ལ་ནང་མི་6ཡོད་པ་དང་། ཕ་ད་ལོ་ལོ་70ལ་སླེབས་ཀྱི་ཡོད་པས་ངལ་རྩོལ་ནུས་ཤུགས་སྤྱིར་ན་ཤོར་ཡོད་པ་དང་། ཨ་མ་འདི་ལོ་ལོ་30ལ་སླེབས་ནས་ཁྱིམ་དུ་ཕྲུ་གུར་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད། ཁོ་བོར་ལོ་16སོན་པའི་གཅེན་མོ་གཅིག་དང་གཅུང་མོ་གཉིས་ཡོད་པ་དང་གཅེན་མོར་ལས་ཀ་མེད་པ་རེད།
         ཨ་ཧྥུ་ཀ་ནི་སི་ཐན་དུ་བུད་མེད་ལ་ལས་ཀ་ཧ་ཅང་རག་ཁག་པོ་ཡོད་ཅིང་། ཁྱིམ་ཚང་དེ་འདྲ་བའི་ཁྱོ་ཤུག་གི་ལོ་ཚད་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་དེ་ཁུལ་དུ་མི་ཉུང་བ་ཞིག་ཡོད་པ་རེད། དབྱི་སི་མེར་གྱིས་སྔ་ས་ནས་ཁྱིམ་གྱི་འགན་ལྕི་པོ་ཁུར་ནས་ཁྲོམ་གཞུང་དུ་ལྷམ་ཕྱིས་པར་བསྐྱོད་མོད། འོན་ཀྱང་ཁྱིམ་གྱི་ནང་མི་ཚོའི་འགྲོ་སོང་ཁོ་བོས་བསགས་པའི་དངུལ་གྱིས་གཏན་ནས་འདང་གི་མེད་པ་རེད།
         ཁོ་བོའི་ཨ་མ་ནེ་ཙེར་གྱིས"ངའི་ཁྱོ་བོ་ལོ་ན་མཐོ་པོར་སླེབས་པས་ངས་དབྱི་སི་མེར་ཆུང་ངུའི་དུས་ནས་ཁྲོམ་གཞུང་དུ་དངུལ་གསོག་པར་གཏོང་རྒྱུ་ལས་མི་འདུག སྟབས་ལེགས་པ་ཞིག་ལ་དགེ་སྒྲུབ་རྩ་འཛུགས་ཤིག་གིས་ལོ་གཉིས་ཀྱི་གོང་ཁོ་བོའི་གནས་ཚུལ་ཤེས་རྟོགས་ཐུབ་ནས་ང་ཚོར་དངུལ་ཞལ་འདེབས་བརྒྱབ་པས་ཁོ་བོ་སློབ་གྲྭར་སྐྱོད་ཐུབ་པ་བྱུང་སོང"ཞེས་གསར་འགོད་པར་བཤད།
         ཨེ་ཧ་མེ་ཏེ་ནི་དགེ་སྒྲུབ་རྩ་འཛུགས"ཨ་ཧྥུ་ཀ་ནི་སི་ཐན་ཞི་བདེའི་དང་བླངས་པའི"ཁོངས་མི་ཞིག་ཡིན་པ་དང་དུས་མཚུངས་ཨང་རྩིས་དགེ་རྒན་ཞིག་ཀྱང་ཡིན་ཞིང་། ཁོང་གིས"ལོ་གཉིས་ཀྱི་གོང་ངས་ཁྲོམ་གཞུང་ནས་དབྱི་སི་མེར་གྱི་གནས་ཚུལ་ཤེས་རྟོགས་ཐུབ་བྱུང་། ཁོ་བོའི་འཚོ་བའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་འདུག ངས་ཁོ་བོ་དང་མཉམ་དུ་ཕྱིན་ནས་ཁོ་བོའི་ནང་མི་དང་འབྲེལ་གཏུག་བྱས་པས་མཐར་ཁོ་བོ་ང་ཚོའི་ལྟེ་གནས་སུ་ཚུད་སོང"ཞེས་བརྗོད་པ་དང་། དབྱི་སི་མེར་གྱི་སྐོར་གླེང་སྐབས་ཨེ་ཧ་མེ་ཏེས་ཐ་ན་ཤ་ཚ་དང་སྙིང་རྗེ་བྱེད་ཀྱི་འདུག
         དང་བླངས་པའི་ལྟེ་གནས་སུ་ཐོ་བཀོད་རྗེས་དབྱི་སི་མེར་གཟའ་འཁོར་རེའི་གཟའ་པ་སངས་ལ་ཆུ་ཚོད་11བར་ལས་ཀ་བྱས་ནས་སྡོད་པ་དང་། དེ་རྗེས་ལྟེ་གནས་སུ་སློབ་སྦྱོང་བྱེད་པར་སྐྱོད་ཀྱི་ཡོད་ཅིང་། དབྱི་སི་མེར་གྱིས་འཛུམ་མདངས་དང་བཅས"གཟའ་པ་སངས་ནི་གཟའ་འཁོར་རེའི་ང་སྐྱིད་ཤོས་ཀྱི་ཉིན་ཞིག་རེད། གང་ལགས་ཤེ་ན། ང་རང་རོགས་པ་ཆུང་ཆུང་ཚོ་དང་མཉམ་དུ་སློབ་གྲྭར་སྐྱོད་ཆོག་ལ་མཉམ་དུ་རྩེད་མོ་རྩེ་རྒྱུ་ཡོད་པས་ཡིན"ཞེས་གསར་འགོད་པར་བརྗོད་པ་དང་། ཁོ་བོས"ང་ལ་བསམ་འདུན་ཞིག་ཡོད། དེ་ནི་ང་རང་ཆེན་པོ་ཆགས་རྗེས་ཨེམ་རྗེ་ཞིག་བྱས་ནས་མེས་རྒྱལ་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་དེ་ཡིན"ཞེས་ཟེར།
         ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། དབུལ་ཕོངས་དང་། དམག་འཁྲུག སྤྱི་ཚོགས་ཀྱི་སྲོལ་རྒྱུན་སོགས་རྒྱུ་རྐྱེན་གྱིས་རྐྱེན་པས་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ཡོངས་སུ་སློབ་ལོ་ལོན་པའི་བྱིས་པ་ཁྲི་130ཙམ་སློབ་གྲྭར་སྐྱོད་ཐབས་བྲལ་ཡོད་པ་རེད།
         དང་བླངས་པའི་ཞབས་ཞུའི་ལྟེ་གནས་སུ་དབྱི་སི་མེར་དང་འདྲ་བའི་བྱིས་པ་དབུལ་པོས་ཏ་ལིའི་སྐད་ཡིག་དང་། དབྱིན་ཡིག ཨང་རྩིས། འཚེ་མེད་སློབ་ཚན་དང་འཚེམ་བཟོ་སྦྱངས་ནས་གཟའ་འཁོར་རེར་སློབ་ཚན་ཐེངས་རེ་འཚོག་གི་ཡོད་པ་རེད།
         བཅར་འདྲི་བྱེད་པའི་ཉིན་དེར་ཕྲུ་གུ་ཚོ་འཚེ་མེད་སློབ་ཚན་འཚོགས་པ་དང་ཏག་ཏག་འཁེལ་བྱུང་། དགེ་རྒན་གྱིས་ལྒང་བུ་ཆེན་པོ་ཞིག་ཁྱེར་ནས་སའི་གོ་ལའི་དཔེ་དབྱིབས་ལ་བརྩིས་ནས་སྟབས་བདེའི་ས་ཁམས་ཤེས་བྱ་ནས་སློབ་ཚན་འཁྲིད་འགོ་ཚུགས་པ་དང་འབྲེལ་དེའི་རིང་ད་དུང་རོལ་རྩེད་རྩེ་གི་འདུག ཕྲུ་གུ་ཚོ་བསྐོར་ནས་བསྡད་དེ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་པ་དང་དུས་མཚུངས་རོལ་རྩེད་ནང་ཞུགས་ནས་དགའ་དགའ་སྤྲོ་སྤྲོའི་ངང་རྩེད་འཇོར་རོལ་གྱི་འདུག དེའི་སྐབས་སུ་གསར་འགོད་པས་དེ་ནི་དམག་འཁྲུག་གི་རྒྱལ་ཁབ་གཅིག་ནང་ཡིན་པ་རྦད་དེ་བརྗེད།
         གསར་འགོད་པས་བཅར་འདྲི་བྱེད་པའི་ཉིན་དེར་ལྟེ་གནས་ཀྱིས་ཕྲུ་གུ་ཚོར་ལྷམ་གསར་པ་སྤྲོད་པ་དང་ཏག་ཏག་འཁེལ་བྱུང་། ལྷམ་དེ་དག་ནི་ཀྲུང་གོས་བཟོས་པ་ཤ་སྟག་ཡིན་པ་དང་བུ་དང་བུ་མོའི་ལྷམ་ཆ་ཚང་འདུག ཕྲུ་གུ་ཚོས་དགའ་ཚོར་ཆེན་པོའི་ངང་ལྷམ་ལེན་བཞིན་དུ་གསར་འགོད་པའི་པར་ཆས་མདུན་དུ་བཟོ་ལྟ་སྣ་ཚོགས་སྟོན་པ་དང་ཁོང་ཚོའི་ངོ་གདོང་ལས་ཟོལ་མེད་འཛུམ་མདངས་འཕྱུར་བཞིན་འདུག
      

    ཕྱོགས་བསྡུས་གསར་འགྱུར།