འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅༎སྲོག་སྐྱོབ་དཔེ་ཁུག

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཨ་མེ་རི་ཀ་ལྷོ་མའི་གླིང་ཆེན་དུ་ཡོད་པའི་ཁོ་ལོམ་པི་ཡར་ཚང་ཚིང་གི་ནགས་ཚལ་དང་གང་སར་རྒྱུག་པའི་ཆུ་རྒྱུན་ཡོད་ལ། ཆུ་བོ་རྒྱུག་ཡུལ་དུ་གྲུ་ནི་མི་རྣམས་ཕྱིར་བསྐྱོད་ཀྱི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ཡིན། མི་རྣམས་གྲུ་ལ་བསྡད་ནས་གྲོང་ཚོ་སྒྲོལ་བ་དང་ལས་ཀ་དང་། སློབ་གྲྭ ཁྱིམ་ཚང་བཅས་སུ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། དབུལ་ཕོངས་ས་ཁུལ་ལ་ལར་གྲུ་བཟོའི་རིན་གོང་མཐོ་བར་བརྟེན་གདུང་གྲུར་བརྟེན་ནས་དངོས་ཟོག་དབོར་བ་དང་ཕྲུ་གུ་ཚོ་ཡང་གདུང་གྲུ་བསྡད་ནས་སློབ་གྲྭར་བསྐྱོད་ཀྱི་ཡོད།
         ས་ཆ་དེར་འཚོ་བ་སྐྱེལ་མཁན་ཕྲུ་གྲུ་རྣམས་ཉིན་ལྟར་སློབ་གྲྭར་བསྐྱོད་སྐབས་ཀྱག་ཀྱོག་གི་ཆུ་ལམ་དེ་དག་བརྒྱུད་དགོས་ཀྱི་ཡོད། འོན་ཀྱང་དྲག་ཆར་འབབ་པ་དང་ཆུ་ལོག་བྱུང་བའི་སྐབས་སུ་ཆུ་བོ་རྒྱས་ནས་ཕྲུ་གུའི་སྲོག་ཤོར་བའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་གྱི་ཡོད། བསྡོམས་རྩིས་བརྒྱབ་པ་ལས་མངོན་པར། ཉེ་བའི་ལོ་ལྔའི་རིང་ཆུའི་ནང་སྲོག་ཤོར་བའི་ཁོ་ལོམ་པི་ཡའི་གཞོན་ནུ་ལོ་ཆུང་ཁྲི་གཅིག་ཙམ་གྱི་ཁྲོད་ཕལ་ཆེ་བ་ནི་ལོ་5ནས་ལོ་12བར་གྱི་བྱིས་པ་ཤ་སྟག་ཡིན་པ་རེད། དེར་བརྟེན་མིའི་རིགས་ཀྱིས་རང་བྱུང་ཁམས་ཀྱི་གནོད་འཚེར་ཁ་ལོ་སྒྱུར་བའི་སྤོབས་པ་མེད་ཀྱང་། རང་བྱུང་ཁམས་ཀྱི་གནོད་འཚེའི་འདྲེ་ལག་ནས་ཕྲུ་གུ་ཚོའི་སྲོག་སྐྱོབ་པར་བློ་གྲོས་དང་བྱ་སྤྱོད་མཁོ་གི་ཡོད།
         ཁོ་ལོམ་པི་ཡའི་རྒྱ་གྲམ་དམར་རྟགས་ཚོགས་པས་གནས་དེའི་བྱིས་པའི་བཟའ་བཅའ་ཁེ་ལས་དང་མཉམ་ལས་བྱས་ཏེ་སྲོག་སྐྱོབ་དཔེ་ཁུག་གཅིག་ཇུས་འགོད་བྱས། དཔེ་ཁུག་དེ་སྤྱིར་བཏང་གི་དཔེ་ཁུག་དང་ཁྱད་པར་མེད་མོད། དཔེ་ཁུག་དེ་རིགས་འཁུར་བའི་ཕྲུ་གུ་ཚོ་སྟབས་མ་ལེགས་པར་ཆུའི་ནང་ལྷུངས་ཚེ་དཔེ་ཁུག་དེ་སྲོག་སྐྱོབ་གོས་སུ་གྱུར་ནས་ཕྲུ་གུ་ཆུའི་ཁར་འཕྱོ་ནས་འབྱིང་ཐུབ་ཀྱི་མེད། གཞན་ཡང་དཔེ་ཁུག་ཐོག་ཤུ་དང་ཚོན་མདོག་བཀྲ་བའི་འོད་འཕྲོ་ལེབ་ཀྱང་ཡོད་པས་ཕྲུ་གུའི་སྲོག་སྐྱོབ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། སྲོག་སྐྱོབ་མི་སྣས་ཕྲུ་གུ་གང་དུ་འཁྱེར་ཡོད་མེད་ཀྱང་ཤེས་ཐུབ། དཔེ་ཁུག་གི་རྒྱབ་ཏུ་ད་དུང་སྲོག་སྐྱོབ་སྟངས་སྐོར་ཡང་བྲིས་ཡོད་པས་སྲོག་སྐྱོབ་ཀྱི་ཉམས་མྱོང་མེད་པའི་མིས་ཀྱང་དེར་བལྟས་ན་ཆུར་ལྷུངས་པའི་ཕྲུ་གུའི་སྲོག་སྐྱོབ་ཐུབ། 
         གཅེས་སེམས་ནང་སྤྱི་ཚོགས་ཀྱི་ཤེས་དཔལ་འདུས་ཡོད། གསར་གཏོད་ཀྱིས་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་བཏང་ཞིང་། སྲོག་སྐྱོབ་ཐུབ་པའི་དཔེ་ཁུག་དེ་རིགས་ཀྱང་རླབས་ཆེན་གྱི་གསར་གཏོད་ཅིག་རེད་ཅེས་བརྗོད་ཆོག གསར་གཏོད་ཆུང་ཆུང་དེས་རང་བྱུང་གནོད་འཚེས་ཁྱིམ་ཚང་ལ་བཟོས་པའི་སེམས་སྡུག་དང་དཔལ་འབྱོར་གྱི་གྱོང་གུན་གསབ་ཐབས་བྲལ་ཡང་དཔེ་ཁུག་དེས། ཕྲུ་གུ་ཚོ་བློ་བདེ་པོས་གདུང་གྲུར་བསྡད་ནས་ཁྱིམ་ཚང་དང་སློབ་གྲྭར་བསྐྱོད་ཐུབ་པའི་བདེ་འཇགས་ཀྱི་སྣང་བ་ཞིག་སྦྱིན་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།