འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅༎གཙང་གསུམ་ཆུ་འགོའི་འབྲོག་པས་སྣོད་བཅུད་ཀྱི་ཕྱུག་འགྱུར་ལམ་བུ་གསར་པའི་ཐོག་
    སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་རྩྭ་ཆུ་འཛོམས་པའི་ས་གཞི་འདིའི་ཐོག་འཚོ་གནས་བྱེད་མཁན་འབྲོག་པ་ཆོས་རྒྱལ་གྱིས་ཉིན་ཞིག་རང་ཉིད་འབྲོག་ལས་འདོར་ནས་མི་རབས་ནས་མི་རབས་བར་འཚོ་སའི་རྩྭ་ཐང་དེ་ནས་ཁ་བྲལ་རྒྱུ་དེ་སྣང་བའི་ཡུལ་ལའང་འཆར་མྱོང་མེད།
         ཆོས་རྒྱལ་གྱིས་དུས་རབས་གོང་མའི་ལོ་རབས་བདུན་ཅུ་བརྒྱད་ཅུའི་རྨ་སྟོད་བར་སྒོ་ཕྱུགས་མང་པོ་ཡོད་པས། སྔོན་ཆད་རྒྱལ་ཡོངས་ཀྱི་འབྲོག་ལས་དུད་ཚང་ཕྱུག་ཤོས་ཀྱི་རྫོང་ཡིན་མོད། འོན་ཀྱང་ཕྱུགས་འཚོ་དྲགས་པས་ས་གནས་དེ་གའི་རྩྭ་ཐང་ཉམས་ཞན་དུ་སོང་བ་མ་ཟད། མངའ་ཁོངས་ཀྱི་མཚེའུ་ཕྱེད་ཀ་ལྷག་ཙམ་རིམ་བཞིན་སྐམ་ཡོད། དེས་ན་སྒོ་ཕྱུགས་མང་པོ་འཚོ་ཐབས་བྲལ་བའི་ཁར་རྨ་སྟོད་འདི་ཉིད་དེ་མུར་རྒྱལ་ཁབ་ཀྱི་གཙོ་གནད་དབུལ་སྐྱོར་གྱི་རྫོང་དབུལ་པོར་གྱུར་ཡོད་ཅེས་བཤད།
         དེར་བརྟེན། "སྣོད་བཅུད་སྲུང་སྐྱོང་གི་གལ་ཆེན་རང་བཞིན་སྐྱེ་བོ་དེ་བས་མང་བས་ཚོར"ཆོས་རྒྱལ་གྱིས་2007ལོར་ངའི་ནང་མི་5པོས་ནོར་ལུག་ཚང་མ་བཙོངས་ཏེ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཤང་ནས་སྤྱི་ལེ་བརྒྱའི་སའི་ཁུལ་གནས་ཡུལ་གྱི་རྨ་ཆེན་རྫོང་དུ་སྤོས་ནས་གྲོང་ཁྱེར་གྱི་འཚོ་བ་སྐྱེལ་རྒྱུའི་ཐག་བཅད་པ་ཡིན་ཞེས་བཤད།
         ཆོས་རྒྱལ་དང་འདྲ་བའི་གྲོང་ཁྱེར་གྱི་འཚོ་བ་སྐྱེལ་མཁན་འབྲོག་པ་ད་དུང་མི་ཉུང་བ་ཞིག་ཡོད། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཞའོ་ནན་གྱིས་ཉེ་བའི་ལོ་10ལྷག་ཙམ་རིང་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་འབྲོག་པ་ཁྲི་10ཙམ་རྩྭ་ཐང་ནས་ཁ་བྲལ་བ་དང་འབྲོག་དུད་ཁྲི་70ལྷག་ཙམ་གྱིས་རང་འགུལ་ངང་ཕྱུགས་ཟོག་མགོ་གྲངས་ཉུང་དུ་བཏང་ཡོད་ཅེས་བརྗོད།
         "འབྲོག་པ་མང་ཆེ་བ་དང་ཐོག་རྫོང་དུ་སླེབས་སྐབས་ལས་ཀ་གང་ཞིག་ཀྱང་ཤེས་ཀྱི་མེད་ཁར། ད་དུང་སྐད་བརྡ་མ་འཕྲོས་པས་འཚོ་བར་དཀའ་ངལ་འཕྲད་ཡོད། དེའི་སླད་དུ་སྲིད་གཞུང་གིས་སྣོད་བཅུད་གནས་སྤོའི་འབྲོག་པ་ཁག་ཕྱེ་ནས་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱས་ཡོད"ཅེས་ཆོས་རྒྱལ་གྱིས་རང་ཉིད་ཀྱིས་ཀྱང་ཁ་ལོ་བའི་ཡིག་རྒྱུགས་བཏང་སྟེ་ཡུལ་སྐོར་རླངས་འཁོར་གཏོང་མཁན་ཞིག་བྱས་པ་ཡིན། བཟའ་ཟླ་སྟག་མཚོ་སྐྱིད་ཀྱིས་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པས་འཚོང་རྒྱག་རིང་རྒྱ་སྐད་ཀྱི་ཆུ་ཚད་ཀྱང་ཉིན་བཞིན་ཡག་ཏུ་ཕྱིན་སོང་ཞེས་བཤད།
         སྟག་མཚོ་སྐྱིད་ཀྱིས་བཟའ་ཚོ་གཉིས་ཀར་ལས་ཀ་རག་པས་ཉེ་བའི་ལོ་5རིང་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་བ་དང་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་བ་མ་ཟད། ཁྱིམ་ཆས་དང་འཛིན་ཆས་ཀྱང་རིམ་བཞིན་མང་དུ་སོང་བ་དང་དེང་རབས་ཅན་གྱི་སྒྲིག་བཀོད་ཀྱང་ཆ་ཚང་ཡོད་ཅེས་བཤད།
         ཆོས་རྒྱལ་གྱིས་རྫོང་དུ་གཏན་སྡོད་ཐུབ་པ་ཕུད་ཐབས་ཤེས་ཡོད་པ་དང་འཇོན་ཐང་ལྡན་པའི་སྣོད་བཅུད་གནས་སྤོའི་འབྲོག་པ་ལ་ལས་རྒྱ་སྐད་ཤེས་པ་དང་རྩལ་ནུས་ཁོང་དུ་ཆུད་རྗེས་ཕ་ཡུལ་དུ་ལོག་ནས་མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་དུ་འབྲོག་པའི་སྤྲོ་སྐྱིད་ཁང་དང་ཟ་ཁང་བཙུགས་ནས"ཡུལ་སྐོར་ཡོང་འབབ"གསོག་ཐབས་བྱེད་ཀྱི་ཡོད་ཅེས་བཤད།
         ཡུལ་སྐོར་བྱེད་མཁན་ཉུང་བའི་དུས་ཚིགས་སུ་འབྲོག་པ་མི་ཉུང་བ་ཞིག་གིས་རུ་ཁག་ཆུང་ངུ་བཙུགས་ཏེ་ལམ་འགྲམ་དང་མཛེས་ལྗོངས་ཁུལ་དུ་གད་སྙིགས་སྒྲུག་པ་དང་རྨས་སྐྱོན་ཕོག་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱོབ་པ་མ་ཟད། རང་འགུལ་ངང་མཐའ་འཁོར་གྱི་སྣོད་བཅུད་ལའང་བཅོས་སྒྲིག་བྱེད་ཀྱི་ཡོད། འབྲོག་པའི་ཧུར་བཙོན་རང་བཞིན་ཆེ་རུ་གཏོང་ཕྱིར། མཚོ་སྔོན་གྱིས་2012ལོའི་ལོ་མཇུག་ཏུ་རྩྭ་ཐང་སྣོད་བཅུད་བདག་སྐྱོང་པའི་ལས་གནས་ཐོག་མ་དེ་བཙུགས་པ་དང་འབྲེལ་ཡོད་འབྲོག་པར་ཟླ་རེར་གླ་ཆ་སྒོར་1000ཡས་མས་སྤྲོད་ཀྱི་ཡོད།
         ཆོས་རྒྱལ་གྱིས"བུ་ཚེ་དབང་ཆོས་བསྟན་2014ལོར་སྣོད་བཅུད་བདག་སྐྱོང་པར་གྱུར་བས་ན། ཁོ་པ་ཕ་ཡུལ་དུ་ལོག་ནས་དུས་རྒྱུན་དུ་རི་སྐོར་དུ་འགྲོ་གི་ཡོད། བུ་ཚེ་དབང་ཆོས་བསྟན་གྱིས་ལས་གནས་དེར་དགའ་པོ་བྱེད་ཀྱི་འདུག་ལ། དེ་གཟི་བརྗིད་ཞིག་ཏུ་བརྩིས་ནས་ལས་ཀ་ཡང་ཡག་པོ་བྱེད་ཀྱི་འདུག་པས་བློ་བདེ་པོ་འདུག"ཅེས་བཤད།
         ཚེ་དབང་ཆོས་བསྟན་གྱིས་ན་ནིང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཚོད་འཛུགས་བྱས་པས་སྣོད་བཅུད་བདག་སྐྱོང་པའི་ལས་ཀའི་རེ་བ་མཐོ་རུ་སོང་བ་དང་གླ་ཆའང་མཐོ་རུ་ཕྱིན་ནས་ཟླ་རེར་སྒོར་1800ཡོད། འབྲེལ་ཡོད་འབྲོག་པ་མི་ཉུང་བ་ཞིག་ལ་ལྕག་སྐུལ་ཐེབས་ནས་སྦག་སྦག་ཉོས་པའམ་ཡང་ན་རང་ཁྱིམ་གྱི་རྟ་འཁྲིད་དེ་སྐོར་གཡེང་ལམ་ཐག་དང་འགྲོ་སྐྱོད་བྱེད་ཚད་དེ་བས་རིང་དུ་སོང་ཡོད། འབྲོག་པའི་བདག་སྐྱོང་པས་ད་དུང་སྐད་འཕྲིན་ཚོགས་པ་བཙུགས་པས་་ཕན་ཚུན་ཉམས་མྱོང་སྤེལ་རེས་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ལ་སྟབས་བདེ་བསྐྲུན་ཡོད་ཅེས་བཤད།
         "འབྲོག་པ་མི་ཉུང་བ་ཞིག་གིས་འབྲོག་ལས་འདོར་ནས'ཡུལ་སྐོར་ཡོང་འབབ'ལ་བརྟེན་གྱི་ཡོད"ལི་ཞའོ་ནན་གྱིས་2016ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཁོ་ནར་འབྲོག་པའི་སྣོད་བཅུད་བདག་སྐྱོང་པ་7000ལྷག་ཙམ་གསར་སྣོན་བྱུང་ཡོད། འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས་གཙང་གསུམ་ཆུ་འགོའི་མངའ་ཁོངས་སུ་འབྲོག་པའི་སྣོད་བཅུད་བདག་སྐྱོང་པ་ཁྲི་4ལྷག་ཙམ་མང་དུ་འགྲོ་རྒྱུ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།