འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དམངས་ཁྲོད་གོ་མཚོན་གྱི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་04ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ལུང་ཤུར་ནང་དམངས་ཁྲོད་གོ་མཚོན་གྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡོད་པ་སྟེ“ཆོས་འབྱོར་གནའ་བོའི་གོ་མཚོན་རྟེན་རྫས་བཤམས་མཛོད་ཁང”ཡིན་པ་དང་། དེ་ནི་བོད་ཀྱི་དམངས་ཁྲོད་གོ་མཚོན་གྱི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་ཡིན་པ་དང་2015ལོའི་ཟླ་7པར་དངོས་སུ་སྒོ་ཕྱེ་ཡོད།
        ཀོན་ཀྲང་ཡིན་པའི་ཆོས་འབྱོར་གྱིས་ལོ་30ཡི་རིང་དམངས་ཁྲོད་ཀྱི་གསོག་ཉར་དངོས་རྫས་ཁྲི་ལྷག་ཉར་ཚགས་བྱས་པ་དང་ཁོང་གིས་ཉར་ཚགས་བྱས་པའི་གསོག་ཉར་དངོས་རྫས་ཀྱི་བླང་བྱ་མཐོ་པོ་ཡོད་པས་གདམ་གསེས་ཐེངས་མང་བྱས་པ་བརྒྱུད་མིག་སྔར་ཁང་ནང་ཡོད་པའི་གསོག་ཉར་དངོས་རྫས་དག་རྩེར་སོན་ཤ་སྟག་རེད། ད་ཆ་རྟེན་རྫས་བཤམས་མཛོད་ཁང་ནང་རྫ་ཆས་དང་། ཟངས་ཆས། མི་རིགས་ཀྱི་གྱོན་གོས། འཚོ་བའི་སྤྱོད་ཆས། ཆོས་ལུགས་རིག་གནས། གསར་བརྗེའི་རིག་དངོས། གོ་མཚོན་སོགས་འགྲེམས་སྟོན་ཁུལ་བདུན་ལ་གསོག་ཉར་དངོས་རྫས་1613ཡོད་པ་རེད།
         རྟེན་རྫས་བཤམས་མཛོད་ཁང་ནང་བོད་རིགས་ཀྱི་དམངས་ཁྲོད་རིག་དངོས་ཕུད་རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུད་རིགས་སོགས་མི་རིགས་ཀྱི་ལོ་རྒྱུས་རིག་དངོས་ཡོད། གསོག་ཉར་དངོས་རྫས་ནང་གནའ་རབས་ཀྱི་གོ་མཚོན་དང་། ཐོན་སྐྱེད་ཡོ་བྱད། འཚོ་བའི་ཡོ་བྱད། འདེགས་གཤོར་འཇལ་གསུམ་གྱི་ཡོ་བྱད། གྱོན་གོས། རྟ་ཆས། ཡིག་ཁྲའི་ཆིངས་རྒྱ་སོགས་ཚུད་ཡོད། གོ་མཚོན་གྱི་རྟེན་རྫས་བཤམས་མཛོད་ཁང་ནང་གི་གསོག་ཉར་དངོས་རྫས་ཕྱེད་ཀ་ཙམ་སྟ་རེ་དང་། ཟོར་བ། མདུང་། རལ་གྲི ཁྲབ་རྨོག ལག་ཕུབ། མདའ་གཞུ། རྫས་མདའ། མདའ། དམག་རྔ། རྟ་ཆས་སོགས་ཚུད་པའི་གོ་མཚོན་ཡོད་པ་རེད།
         “གོ་མཚོན”གཉིས་ནི་འགྲེམས་ཁང་གི་མཆོག་ནོར་ལྟ་བུ་ཡིན་ཏེ། གཅིག་ནི་དུས་རབས་10པ་ནས་13པའི་བར་གྱི་ལྕགས་ཀྱི་སྤུན་བདུན་རལ་གྲི་ཡིན། རལ་གྲིའི་ཐོག་གསེར་གྱི་ཕྲ་བཏབ་པའི་བྱང་སྐར་སྤུན་བདུན་ཡོད་པས་དེ་ལྟར་མིང་ཐོབ་པ་དང་། གཅིག་ཤོས་ནི་དྲག་ཆས་ཆ་ཚང་སྤྲས་པའི་དམག་རྟ་ཡིན། འགྲེལ་བཤད་རྒྱག་མཁན་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དྲག་ཆས་ཚ་ཚང་སྤྲས་པའི་དམག་རྟ་དེར་རིག་དངོས་20ཙམ་ཡོད་པ་དེ་དག་ཡོན་རྒྱལ་རབས་དུས་སུ་ཐོན་པ་དང་མིག་སྔར་འཛམ་གླིང་ཡོངས་སུ་ཆ་ཚང་གཉིས་ཁོ་ན་ལས་མེད། ཆ་གཅིག་ཨ་རིའི་ཏ་ཏུའུ་ཧུའེ་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པ་དང་ཆ་གཞན་དེ་འདི་གར་ཉར་ཚགས་བྱས་ཡོད་ཅིང་། དེ་གཉིས་ཀ་བོད་ནས་ཐོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།