འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོས་བཟོས་པའི་འཕྲིན་གཏོང་སྲུང་སྐར་ཧིན་རྡུ་ཉི་ཞི་ཡའི་ཁྲོམ་རར་ཐོག་མར་
    བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གོའི་ལྕགས་རི་རིང་པོའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་ཧིན་རྡུ་ཉི་ཞི་ཡའི་སྲུང་སྐར་གཉེར་སྐྱོང་ཀུང་སི་PSNSཡིས་ཅ་ཁར་ཐ་རུ་ཧིན་རྡུ་ཉི་ཞི་ཡའི"ཕ་ལ་ཕ-N1"འཕྲིན་གཏོང་སྲུང་སྐར་རྣམ་གྲངས་ཀྱི་གན་རྒྱར་མིང་རྟགས་བཀོད་པ་དེ་ཐོག་ནས་ཀྲུང་གོས་བཟོས་པའི་འཕྲིན་གཏོང་སྲུང་སྐར་ཧིན་རྡུ་ཉི་ཞི་ཡའི་འཇིག་རྟེན་འཕུར་སྐྱོད་ཁྲོམ་རར་ཐོག་མར་བཏོན་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
         འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ནང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་རྨང་གཞི་ངེས་ཅན་ལྡན་ཞིང་། 2009ལོའི་ཟླ་8པ་ནས་བཟུང་ཀྲུང་གོ་ཕྱོགས་ཀྱིས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཧིན་རྡུ་ཉི་ཞི་ཡའི་འཕྲིན་གཏོང་སྲུང་སྐར་གཅིག་འཕེན་གཏོང་བྱས་ཤིང་། ད་ཐེངས་ཕྱོགས་གཉིས་པོས་མིང་རྟགས་བཀོད་པའི་མཉམ་ལས་ཀྱི"ཕ་ལ་ཕ-N1"འཕྲིན་གཏོང་སྲུང་སྐར་ནི་ཀྲུང་གོའི་བར་སྣང་ལག་རྩལ་ཞིབ་འཇུག་ཁང་གིས་ཞིབ་བཟོ་བྱས་པ་དང་ཤར་ཕྱོགས་དམར་ཨང་བཞི་པ་རྟགས་ཅན་གྱི་ཤུགས་སྣོན་རྣམ་པའི་འཕྲིན་གཏོང་སྲུང་སྐར་ལས་སྟེགས་སྤྱད་ཡོད། སྲུང་སྐར་དེ་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པས་ཀྲུང་གོའི་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱ་རྒྱུ་རེད།
         གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པའི་ཧིན་རྡུ་ཉི་ཞི་ཡས་འོད་སྐུད་འཕྲིན་གཏོང་སྤྱད་ཚེ་ཧ་ཅང་སྟབས་བདེ་མེད་པས་སྲུང་སྐར་ལག་རྩལ་ལ་བརྟེན་གྱི་ཡོད། ཧིན་རྡུ་ཉི་ཞི་ཡ་ནི་ཨེ་ཤེ་ཡ་ས་ཁུལ་དུ་འཕྲིན་གཏོང་སྲུང་སྐར་སྤྱོད་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་གཙོ་བོ་རྒྱལ་ཁབ་གཞན་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད། ད་ཡོད་ཀྱི"ཕ་ལ་ཕ-D"ཡི་སྲུང་སྐར་དེ་2020ལོར་དུས་ཚོད་འཐིམ་རྒྱུ་ཡིན་པས་ཧིན་རྡུ་ཉི་ཞི་ཡར་ཚབ་བྱེད་སྲུང་སྐར་གསར་པ་ཞིག་དེ་བས་མཁོ་ཆེ་བ་ཡོད། གན་རྒྱ་གཞིར་བཟུང་ལྕགས་རི་རིང་པོའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་ཧིན་རྡུ་ཉི་ཞི་ཡའི་འབྲེལ་ཡོད་ཕྱོགས་ལ་སྲུང་སྐར་དང་། འཕེན་གཏོང་ཞབས་ཞུ། ས་ངོས་ཚོད་འཛིན་མ་ལག འགན་བཅོལ་དང་མ་རྩ་མཉམ་འདྲེས་རྒྱབ་སྐྱོར་བཅས་ཚུད་པའི་ཐོན་རྫས་དང་ཞབས་ཞུ་ཁག་གཅིག་དང་གཞི་གཅིག་ཅན་གྱི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱ་རྒྱུ་དང"ཕ་ལ་ཕ-N1"འཕྲིན་གཏོང་སྲུང་སྐར་དེ་2020ལོའི་ལོ་སྟོད་དུ་འཁོར་ལམ་ཐོག་རྩིས་སྤྲོད་བེད་སྤྱོད་བྱ་རྒྱུ་རེད།
         "ཕ་ལ་ཕ-N1"འཕྲིན་གཏོང་སྲུང་སྐར་གྱིས་ཚད་གཞི་མཐོ་བའི་སྲུང་སྐར་གྱི་ལག་རྩལ་གསར་པ་སྤྱད་དེ་ད་ཡོད་ཀྱི་ཟློས་ཤལ་ཐོན་ཁུངས་ལེགས་སུ་བཏང་ནས་ཧིན་རྡུ་ཉི་ཞི་ཡའི་ས་ཁུལ་ཁག་གྱི་སྤྱོད་མཁན་ལ་སྤུས་ལེགས་ཀྱི་དྲ་ཆེན་དང་རླུང་འཕྲིན་ཞབས་ཞུ་མཁོ་འདོན་བྱས་ཏེ་ཧིན་རྡུ་ཉི་ཞི་ཡའི་དྲ་རྒྱའི་ཁྱབ་གདལ་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་རེད། ཧིན་རྡུ་ཉི་ཞི་ཡའི་སྲུང་སྐར་འཕྲིན་གཏོང་ཀུང་སིའི་སྤྱི་ཁྱབ་ལུའུ་སི་ལི་ཡིས་ཀྲུང་གོའི་སྲུང་སྐར་གྱིས་ཧིན་རྡུ་ཉི་ཞི་ཡའི་གྲངས་གཞི་ཅན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་2020ལོར་སླེབས་སྐབས་ཧིན་རྡུ་ཉི་ཞི་ཡ་དེ་ཨེ་ཤེ་ཡ་ཤར་ལྷོའི་གྲངས་གཞི་ཅན་གྱི་ཆུ་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་རོགས་བྱ་རྒྱུ་རེད།
         "ཕ་ལ་ཕ-N1"འཕྲིན་གཏོང་སྲུང་སྐར་རྣམ་གྲངས་དེ་ཀྲུང་གོས་བཟོས་པའི་འཕྲིན་གཏོང་སྲུང་སྐར་ཧིན་རྡུ་ཉི་ཞི་ཡའི་འཇིག་རྟེན་འཕུར་སྐྱོད་ཁྲོམ་རར་ཚད་བརྒལ་ཐོག་མར་བྱུང་བ་ཞིག་ཡིན་པ་དང་དེས་ཧིན་རྡུ་ཉི་ཞི་ཡའི་སྲུང་སྐར་ཁྲོམ་ར་ཡོ་རོབ་དང་མེ་གླིང་གིས་སྒེར་སྡེམ་བྱེད་པའི་རྣམ་པར་འགྱུར་ལྡོག་འགྲོ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་རི་རིང་པོའི་བཟོ་ལས་ཚད་ཡོད་ཀུང་སིས་ད་དུང་ཧིན་རྡུ་ཉི་ཞི་ཡའི་PSNSཀུང་སི་དང་དུས་མཚམས་རྗེས་མའི་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོའི་འབྱུང་འགྱུར་གྱི་ཕྱོགས་ཡོངས་མཉམ་ལས་ལ་རྨང་གཞི་ཡག་པོ་ཞིག་འདིང་རྒྱུ་རེད། གན་འཇོག་མཛད་སྒོའི་ཐོག་ལྕགས་རི་རིང་པོའི་ཀུང་སིས་ད་དུང་ཧིན་རྡུ་ཉི་ཞི་ཡའི་མཉམ་ལས་ཕྱོགས་ལ་ཧིན་རྡུ་ཉི་ཞི་ཡའི་སློབ་ཆེན་ཞིག་དང་ཐུན་མོང་ཐོག"གྲུ་བཞི་ལྷམ་པའི་དབྱིབས་ཀྱི་སྲུང་སྐར"ཞིབ་བཟོ་བྱ་རྒྱུའི་ཁས་བླངས་ཏེ་ཧིན་རྡུ་ཉི་ཞི་ཡའི་འབྱུང་འགྱུར་གྱི་སྲུང་སྐར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པར་ཧིན་རྡུ་ཉི་ཞི་ཡའི་འཕྲིན་གཏོང་དང་ཆ་འཕྲིན་ལག་རྩལ་པུའི་པུའུ་ཀྲང་ལུའུ་ཏི་ཨན་ཐ་ལ་ཡིས་བསྔགས་བརྗོད་ཆེན་པོ་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐར་ཞབས་ཞུ་མཁོ་འདོན་བྱས་ཏེ་ཧིན་རྡུ་ཉི་ཞི་ཡའི་དྲ་ཆེན་ལས་སྒོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི"རྒྱུད་གཅིག་ལམ་གཅིག"གི་མཉམ་ལས་ལ་ལེའུ་གསར་རྩོམ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།