འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅༎གངས་ལྗོངས་ས་མཐོའི་མིག་མངས་དར་ཡུལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། མཇུག་སྒྲིལ་མ་ཐག་པའི་2017ལོའི་ཀྲུང་གོའི་མིག་མངས་དར་ཡུལ་གྱི་མཉམ་འབྲེལ་འགྲན་བསྡུར་ལྷ་སའི་ས་ཚིགས་ཀྱི་འགྲན་རའི་ཐོག་ལྷ་ས་གྲོང་ཁྱེར་ལ་ཀྲུང་གོའི་མིག་མངས་མཐུན་ཚོགས་ཀྱིས"རྒྱལ་ཡོངས་མིག་མངས་དར་ཡུལ"ཞེས་པའི་བྱང་བུ་སྤྲད་ཅིང་། ལམ་ཚད་རྡོ་རིང་ལྟར་གྱི་བྱ་བ་དེ་ནི་ལྷ་སའི་མིག་མངས་བའི་ངོས་ནས་བརྗོད་ན་གཟི་བརྗིད་ཅིག་རེད་ལ། ལས་དོན་དེར་ཁས་ལེན་བྱས་པ་ཞིག་ཀྱང་རེད།
         ལྷ་སའི་མིག་མངས་ཁང་གི་ཐོག་སོ་གཉིས་པའི་གྱང་ཐོག་ཏུ་ལྷ་སའི་མིག་མངས་འཕེལ་རྒྱས་སྐོར་གྱི་པར་རིས་བཀལ་ཡོད་ཅིང་། ལྷ་སའི་མིག་མངས་ཁང་དེའི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཁྲེན་དབྱིང་གིས་པར་དེ་དག་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་སྒོ་ནས"པར་དེ་དག་ནི་ང་ཚོས་བརྒྱུད་མྱོང་བའི་ལམ་བུ་རེད་ལ། ས་མཐོའི་ས་ཁུལ་དུ་ལུས་རྩལ་གང་ཞིག་སྤེལ་ཡང་ལས་སླ་པོ་མེད། མིག་མངས་ལྟ་བུའི་ཀླད་པའི་ལུས་རྩལ་དེ་ང་ཚོའི་དུས་སྐབས་སུ་འཕེལ་རྒྱས་གཏོང་ཐུབ་པ་བྱུང་བ་ནི་དངོས་གནས་ལས་སླ་པོའི་བྱ་བ་ཞིག་མ་རེད"ཅེས་བརྗོད།
         ལྷ་སའི་མིག་མངས་ས་ཚིགས་སུ་ཀྲུང་གོའི་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝང་རུའུ་ནན་གདན་ཞུས་ལྟར་ལྷ་སའི་མིག་མངས་ཁང་དུ་ལྟ་སྐོར་ཐེངས་དང་པོ་བྱེད་སྐབས་མཐོང་ཐོས་དག་གིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། "ལྷ་སར་དེ་ལྟ་བུའི་མིག་མངས་ཁང་ཡོད་པ་མཐོང་སྐབས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ལྷ་སས་ལོ་དེ་དག་ནང་མིག་མངས་ཀྱི་བྱེད་སྒོ་ཡག་པོ་སྤེལ་ཡོད་པ་དང་། ད་ཐེངས་མིག་མངས་དར་ཡུལ་ཞེས་པའི་མཚན་སྙན་ཐོབ་ཡོད། ས་ཆ་ཞིག་ཏུ་མིག་མངས་འཕེལ་རྒྱས་ཡག་པོ་གཏོང་དགོས་ན་མཐུན་རྐྱེན་ཚང་མ་འཛོམས་དགོས་ཤིང་། དང་ཐོག་མང་ཚོགས་ཀྱི་རྨང་གཞི་ངེས་ཅན་ཞིག་ཡོད་དགོས། ལྷ་སར་བོད་ལུགས་ཀྱི་མིག་མངས་དར་ཁྱབ་ཆེ་བ་དང་ལོ་དེ་དག་ནང་ང་ཚོའི་རྒྱལ་ཁབ་ཀྱི་མིག་མངས་བྱེད་སྒོ་སྤེལ་བ་དེས་བོད་ཀྱི་མིག་མངས་ཀྱི་ཞིབ་འཇུག་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་ཐུབ་ཡོད"ཅེས་བརྗོད་བྱུང་།
         ཝང་རུའུ་ནན་གྱིས་གསུངས་པ་ཇི་བཞིན་བོད་དུ་མིག་མངས་ཀྱི་རྩ་བ་བརྟན་པོ་ཚུགས་ཡོད། བོད་ལུགས་ཀྱི་མིག་མངས་ནི་བོད་དང་། ཡུན་ནན། མཚོ་སྔོན། སི་ཁྲོན་སོགས་སུ་དར་ཁྱབ་ཆེ་བ་དང་གནའ་རབས་ཀྱི་མིག་མངས་དང་ཧ་ཅང་འདྲ་པོ་ཡོད།
         ས་མཐོར་བོད་ལུགས་ཀྱི་མིག་མངས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་ཀྲུང་གོ་བོད་ལུགས་མིག་མངས་བགྲོ་གླེང་ཚོགས་འདུ་2015ལོའི་ཟླ་11པར་ལྷ་སར་འཚོགས་ཤིང་། ཀྲུང་གོ་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིན་ཅན་ཁྲའོ་ཡིས་ཚོགས་འདུའི་ཐོག་གཏམ་བཤད་གནང་སྐབས"བོད་ལུགས་ཀྱི་མིག་མངས་འཕེལ་རྒྱས་དང་རྒྱུན་མཐུད་བྱུང་བ་དེ་ནི་རྒྱ་བོད་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཀྱི་འགྱུར་རྡོ་གསོན་པོ་ཞིག་རེད"ཅེས་བརྗོད།
         ལྷ་ས་མིག་མངས་ཁང་ལ་ད་ཆ་སློབ་མ་140ལྷག་ཙམ་ཡོད་པ་དང་མིག་མངས་ཀྱི་རྨང་གཞིའི་འཛིན་གྲྭ་དང་། དམའ་རིམ་འཛིན་གྲྭ འབྲིང་རིམ་འཛིན་གྲྭ མཐོ་རིམ་འཛིན་གྲྭ་བཅས་བཙུགས་ཡོད་པ་དང་ལོ་ལྟར་མིག་མངས་ཀྱི་རིམ་པ་གཏན་འཁེལ་གྱི་འགྲན་བསྡུར་དང་རིམ་པ་འཕར་བའི་འགྲན་བསྡུར་ཐེངས་གཉིས་གཉེར་གྱི་ཡོད།
         ལྷ་ས་མིག་མངས་ཁང་གི་མཚན་འཛིན་ཡོན་ཀྲང་ཚའོ་ཏ་ཡོན་གྱིས་མ་གཞི་ལྷ་སའི་མིག་མངས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ནའང་ད་དུང་མི་འདང་བའི་ཆ་མང་པོ་ཡོད། ཁོང་གིས་(ལྷ་སའི་མིག་མངས་)འཕེལ་རྒྱས་གཏོང་བའི་ཐད་ཕྱོགས་ཁག་གིས་འབད་བརྩོན་དང་རྒྱབ་སྐྱོར་བྱས་ཚེ་ལུས་རྩལ་དེ་གཞི་ནས་དར་རྒྱས་གཏོང་ཐུབ། ལྷ་སའི་མིག་མངས་འཕེལ་རྒྱས་ཆེན་པོ་ཕྱིན་པ་དེ་ཐོག་ནས་ང་ཚོའི་རྒྱལ་ཁབ་ཀྱི་མིག་མངས་བྱ་གཞག་ཀྱང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་གསལ་བཤད་བྱེད་ཐུབ་ཅེས་བརྗོད་བྱུང་།
         འགྲན་བསྡུར་གཉེར་བ་ནས་མིག་མངས་ཁང་བཙུགས་པའི་བར་མིག་མངས་ལུས་རྩལ་དེ་གངས་ལྗོངས་ས་མཐོར་རང་ཉིད་ཀྱི་གསོན་ཤུགས་མངོན་བཞིན་ཡོད་ལ། འབྱུང་འགྱུར་གྱི་མདུན་ལམ་ཡང་མཛེས་སྡུག་ལྡན་པའི་སྐལ་བཟང་མེ་ཏོག་བཞད་པ་ལྟར་ཡོང་ངེས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།