འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་ལྔ་པ་ཤར་རྗེས་གངས་ལྗོངས་ས་མཐོར་དྲོད་རླུང་དལ་བུར་ལྡང་ནས་དྲོད་འཇམ་ཉི་འོད་རབ་ཏུ་འཕྲོས་ཤིང་། སྔོ་ལྗང་ལྗོན་ཤིང་དག་ནས་གསོ་རླུང་ཟམ་མི་ཆད་པར་མཁོ་འདོན་བྱེད་བཞིན་མཆིས། མཚོ་བོད་ས་མཐོའི་ཕོ་མོ་རྒན་གཞོན་ཚོས་ལུས་རྩལ་ཐང་དང་ལུས་སྦྱོང་ཁང་དུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་དེ་གངས་ལྗོངས་ས་མཐོར་དམངས་ཡོངས་ལུས་སྦྱོང་བྱེད་པའི་རྣམ་པས་ཡོངས་སུ་ཁེངས།
         2016ལོར་བོད་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལག་བསྟར་འཆར་གཞི(2016ལོ་ནས་2020ལོ་བར་)》བཏོན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་གོ་རིམ་ལྡན་པའི་ངང་འཆར་འགོད་བྱས་ཡོད། མིག་སྔར་བོད་དུ་རྒྱལ་ཁབ་རིམ་པའི་སྡེ་ཁུལ་ལུས་སྦྱོང་སྤྲོ་སྐྱིད་ཁང་4དང་། དམངས་ཡོངས་ཀྱི་ལུས་སྦྱོང་ས་ཚིགས་86 ཕྱོགས་རྐྱང་པའི་ལུས་རྩལ་མཐུན་ཚོགས་རྩ་འཛུགས་15བཅས་ཡོད་པ་དང་རྫོང་རིམ་པའི་དམངས་ཡོངས་ཀྱི་བྱེད་སྒོའི་ལྟེ་གནས་15དང་། གྲོང་ཁྱེར་(ས་ཁུལ་)བདུན་གྱི་ལུས་རྩལ་ཐང་ཉམས་གསོ་སྒྱུར་བཀོད། བོད་ཀྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་སྦྱོང་བརྡར་རྟེན་གཞི་བཅས་ལས་མཇུག་འགྲིལ་བ་དང་འབྲེལ། རྩིས་སྤྲོད་རྩིས་ལེན་བྱས་ཟིན་ནས་ད་ལྟ་སྤྱོད་འགོ་ཚུགས་ཡོད།
         བོད་ཀྱི་དམངས་ཚོགས་ལུས་སྦྱོང་བྱེད་པའི་སྲོལ་རྒྱུན་དང་འཚམ་པ་བྱ་ཆེད། བོད་ཀྱིས་མི་རིགས་ཀྱི་ཁྱད་ལྡན་ལུས་སྦྱོང་རྣམ་གྲངས་སྔོག་འདོན་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བཞིན་ཡོད། མིག་སྔར་བོད་ཀྱིས་འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་དང་། ནག་ཆུའི་བྱང་ཐང་འཆར་ཅན་རྟ་རྒྱུག་སྒྱུ་རྩལ་དུས་ཆེན། གཞིས་རྩེ་པ་སྣམ་གྱི་གཡག་རྩེད་འགྲན་བསྡུར་དུས་ཆེན་སོགས་སྲོལ་རྒྱུན་གྱི་མི་རིགས་ལུས་རྩལ་འགྲན་བསྡུར་ཁག་གཅིག་བཏོད་ཡོད།
         བོད་ལྗོངས་ལུས་རྩལ་ཅུས་ཀྱི་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་བོད་ཀྱི་ལུས་རྩལ་ལས་དོན་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ནས་2020ལོར་སླེབས་སྐབས་བོད་ཡོངས་སུ་གཟའ་འཁོར་རེར་ལུས་རྩལ་བྱེད་སྒོར་ཐེངས་གཅིག་ཞུགས་པའི་མི་གྲངས་ཁྲི་150ཡན་ཟིན་པ་དང་རྒྱུན་དུ་ལུས་རྩལ་བྱེད་སྒོར་ཞུགས་མཁན་ཁྲི་100ཡན་ཟིན་ཐུབ། “དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ཚང་མའི་ལྟ་སྟངས་ལ་འགྱུར་ལྡོག་བཏང་ནས་ལུས་རྩལ་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།