འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་རྩ་བའི་ཆར་ཚོད་འཛིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

    བོད་ལྗོངས་ཀྱི་ཐུམ་འབུའི་ནད་སྨན་བཅོས་རོགས་སྐྱོབ་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ཟླ་གསུམ་པ་ཤར་ཚུན། བོད་ལྗོངས་ཀྱིས་ཐུམ་འབུའི་ནད་འགོག་བཅོས་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཚུན་བོད་རང་སྐྱོང་ལྗོངས་དང་ས་གནས་དང་སྡེ་ཚན་ཁག་གིས་ཐུམ་འབུའི་ནད་སྨན་བཅོས་རོགས་སྐྱོབ་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐུམ་འབུའི་ནད་འགོག་བཅོས་དྲིལ་བསྒྲགས་དང་གསོ་སྦྱོང་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བས་2020ལོར་སླེབས་སྐབས་ཐུམ་འབུའི་ནད་རྩ་བའི་ཆར་ཚོད་འཛིན་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།
         ཉེ་ཆར། བོད་ཀྱི་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་གསོ་སྦྱོང་མཛུབ་ཁྲིད་ལྟེ་གནས་དེ་བོད་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་བཙུགས་ནས་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་དང་། ལག་རྩལ་གྱི་གསོ་སྦྱོང་། བདེ་ཐང་གི་སློབ་གསོ། ཚོད་ལྟ་ཁང་གི་བརྟག་དཔྱད་སོགས་ཀྱི་ལས་ཀ་སྒྲུབ་འགན་འཁུར་རྒྱུ་རེད། བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལི་ཅིང་ཀྲུང་གིས་གསར་འགོད་པར་གོམ་སྟབས་རྗེས་མར་ལྟེ་གནས་དེར་དམིགས་ཏེ་བོད་ཡོངས་རང་བཞིན་གྱི་དཔེ་ལྟ་གཞིའི་ཚོད་ལྟ་ཁང་བཙུགས་ནས་ཆ་འཕྲིན་དོ་དམ་དང་རྒྱང་རིང་སློབ་གསོའི་གསོ་སྦྱོང་བྱས་ཏེ་བོད་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལག་རྩལ་གྱི་འདེགས་སྐྱོར་མ་ལག་འཛུགས་རྒྱུ་རེད་ཅེས་བརྗོད་བྱུང་།
         ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིམ་ཁག་ནོར་སྲིད་ཀྱིས་སྔ་རྗེས་སུ་སྒོར་ཁྲི་3600ཐུམ་འབུའི་ནད་ཕོག་ཡོད་མེད་ཀྱི་བརྟག་དཔྱད་དང་སྨན་བཅོས་ལས་དོན་ལ་བཏང་བ་དང་འདི་ལོ་ལོ་མཇུག་ཏུ་སླེབས་སྐབས་རང་ལྗོངས་ཀྱིས་མི་ཚོགས་ཕྱེད་ཀར་ནད་ཕོག་ཡོད་མེད་ཀྱི་བརྟག་དཔྱད་ལེགས་གྲུབ་བྱ་རྒྱུ་རེད། 2020ལོར་སླེབས་སྐབས་བོད་ཡོངས་ཀྱི་རྫོང་40ལས་མི་ཉུང་བའི་མི་ཚོགས་ཀྱི་ཐུམ་འབུའི་ནད་ཕོག་ཚད་1%མན་ཆག་པ་དང་སྒོ་ཁྱི་ནས་ནད་འགོས་ཚད་5%མན་ཚོད་འཛིན་ཐུབ་པ་བྱ་རྒྱུ་རེད། “2017ལོའི་གཙོ་གནད་ནི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་སྤེལ་ནས་རྫོང་74ཡི་ད་ཡོད་མི་སྣར་ནད་ཕོག་ཡོད་མེད་ཀྱི་བརྟག་དཔྱད་བྱ་རྒྱུ་མ་ཟད། ནད་ཕོག་པའི་ནད་པའི་ནད་གཞིའི་གནས་ཚུལ་ལ་གཞིགས་ཏེ་ཁ་གཏད་དོ་དམ་ཚོད་འཛིན་དང་། ནད་འགོ་བའི་འབྱུང་ཁུངས་ཚོད་འཛིན། ནད་འགོ་ལམ་འགོག་པ་སོགས་ཀྱི་ཐད་ནས་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ཞོལ་ཅུན་གྱིས་བརྗོད།
         ཉེ་དུས་བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་སྨན་བཅོས་རོགས་སྐྱོབ་མཛུབ་ཁྲིད་གསོ་སྦྱོང་ལྟེ་གནས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་དངོས་སུ་སྒོ་བྱང་བཀལ་ནས་བོད་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་གནས་གཏན་འཁེལ་སྨན་ཁང་གི་སྨན་དོན་པའི་གསོ་སྦྱོང་གི་འགན་འཁུར་རྒྱུ་མ་ཟད། ཐུམ་འབུའི་ནད་སྨན་བཅོས་ཀྱི་ལག་རྩལ་གསར་པ་ཁྱབ་གདལ་བཏང་ནས་ཐུམ་འབུའི་ནད་ཀྱི་ཕྱི་བཅོས་ཀྱི་གཤགས་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ལས་དོན་བསྒྲུབ་རྒྱུ་རེད། “དུས་མཚམས་གོང་མར་སྨན་ཁང་གིས་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དང་རིམས་འགོག་ས་ཚིགས་ཀྱི་སྨན་པ་དང་སྨན་གཡོག་ལ་ཐུམ་འབུའི་ནད་ཀྱི་འབྲེལ་ཡོད་ཤེས་བྱ་ཕྱོགས་ཡོངས་ནས་གསོ་སྦྱོང་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་གཞོན་པ་དབྱང་ཏུང་གིས་བརྗོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི་ཐུམ་འབུའི་ནད་ས་ཁོངས་འགོག་བཅོས་ཀྱི་མ་ལག་རྩ་བའི་ཆར་གྲུབ་ཡོད། སྨན་བཅོས་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། བོད་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བོད་ཡོངས་ལ་ཁྱབ་པའི་སྨན་ཁང་གི་རྒྱང་རིང་དྲ་རྒྱའི་སྨན་བཅོས་མ་ལག་སྐྲུན་བཞིན་ཡོད་པ་མ་ཟད། རྫོང་རིམ་པའི་ཐུམ་འབུའི་ནད་ཀྱི་ས་ཁོངས་ཀྱི་འགོག་བཅོས་མ་ལག་ཀྱང་བཙུགས་ཏེ་རིམ་པ་གསུམ་པའི་སྨན་ཁང་གི་ཞབས་ཞུའི་ཆུ་ཚད་གོང་མཐོར་བཏང་ནས་ཐུམ་འབུའི་ནད་རང་སར་སྨན་བཅོས་དང་གཤགས་བཅོས་བྱེད་པ་ལས་བོད་ནས་ཕྱིར་སྐྱོད་མི་དགོས་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།