འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེལ་འགྲན་བསྡུར་ནང་བོད་ལྗོངས་ཀྱིས་གྲུབ་འབྲས་གཡུར་
    ཟ་བླངས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་22ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཅི་ནན་གྲོང་ཁྱེར་དུ་མཇུག་བསྒྲིལ་བའི་2017ལོའི་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེལ་འགྲན་བསྡུར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ཁྲོད་དུ། བོད་ལྗོངས་ཀྱི་སྐྱེས་པའི་རྒྱང་རྒྱུག་བདམས་ཐོན་པས་གསེར་གྱི་གཟེངས་རྟགས་གཅིག་དང་དངུལ་གྱི་གཟེངས་རྟགས་གཉིས་བླངས་པ་དང་། མི་5སྨི་5000དང་སྨི་10000 ཡི་རྒྱུག་ཤར་འགྲན་བསྡུར་གྱི་ཨང་བརྒྱད་པའི་ནང་དུ་ཚུད་ཡོད་པ་རེད། སྨི་10000ཡི་རྒྱུག་ཤར་འགྲན་བསྡུར་ནང་དུ་བོད་ལྗོངས་ཀྱི་བདམས་ཐོན་པས་ཨང་དང་པོ་དང་ཨང་གཉིས་པ་བླངས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་རེད།
        ཚེས་19ཉིན་གྱི་དགོང་མོའི་སྐྱེས་པའི་སྨི་10000ཡི་རྟིང་རྩོད་འགྲན་བསྡུར་ནང་དུ། ལི་གཡོད་ཨོ་རྩལ་འགྲན་ཚོགས་སུ་ཞུགས་མྱོང་བའི་བདམས་ཐོན་པ་སྟོབས་རྒྱལ་གྱིས་སྐར་མ་29དང་སྐར་ཆ་32.82ཀྱི་མཇུག་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་། ལོ་21སོན་པའི་དཔའ་ཕྲུག་རྟ་མགྲིན་ཚེ་དབང་གིས་ཨང་གཉིས་པ་བླངས་པ་རེད། 
         བོད་ལྗོངས་ཀྱི་རྒྱང་རྒྱུག་དང་བར་རྒྱུག་རུ་ཁག་གི་རྩལ་ཁྲིད་དགེ་རྒན་སྐལ་བཟང་ཚེ་རིང་གིས་གསར་འགོད་པའི་བཅའ་འདྲི་དང་ལེན་བྱེད་དུས"འདི་ནི་ལུས་རྩལ་པ་ཁོང་གཉིས་ཀྱི་ཆུ་ཚད་ཡག་ཤོས་མ་རེད། འོན་ཀྱང་དྲོད་ཚད་ཏུའུ་30ཡི་གནམ་གཤིས་འོག་མཇུག་འབྲས་འདི་ལྟ་བུ་བླངས་པ་དེ་ནི་འགྲན་བསྡུར་གྱི་ལས་འགན་ལེགས་འགྲུབ་བྱས་པ་རེད"ཅེས་བརྗོད་པ་རེད། སློབ་མ་གཉིས་ཀྱིས་སྐྱེས་པའི་སྨི་10000ཡི་རྟིང་རྩོད་འགྲན་བསྡུར་ནང་ཨང་དང་པོ་དང་གཉིས་པ་ཡུག་ལེན་བྱས་པ་དེར། སྐལ་བཟང་ཚེ་རིང་གིས་འགྲན་བསྡུར་སྔོན་དུ་འཐབ་རྩལ་དམིགས་བསལ་ཅི་ཡང་བཀོད་སྒྲིག་བྱས་མེད་ཅིང་། འགྲན་ཞུགས་པར་ནུས་ཤུགས་ཡོད་རྒུ་འདོན་དགོས་ཞེས་བསླབ་བྱ་བྱས་པ་ཙམ་ཡིན་ཞེས་བསྟན་པ་རེད།
         ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི“མཆོང་རྒྱུག་འཕེན་གསུམ་གྱི་ས་མཐོའི་འཇོན་ཐང་ཅན་གསར་གཏོད་འཆར་གཞི”ཡི་ཁེ་ཕན་ཐོབ་པར་བརྟེན་བོད་ལྗོངས་ཀྱི་རྒྱང་རྒྱུག་ལུས་རྩལ་ཐད་ཚོགས་པ་ཅན་གྱི་སྟོབས་ཤུགས་ཆེ་བའི་ལེགས་ཆ་ཐོག་མར་མངོན་པ་རེད། 2014ལོ་ནས་བཟུང་། བོད་ལྗོངས་ཀྱི་རྒྱང་རྒྱུག་དང་བར་རྒྱུག་རུ་ཁག་ལ་ལོ་རེ་བཞིན་ཨེ་ཙེ་ཨོ་པི་ཡ་རུ་སྦྱོང་བརྡར་བྱེད་པར་འགྲོ་རྒྱུའི་གོ་སྐབས་ཡོད་པ་རེད། སྐལ་བཟང་ཚེ་རིང་གི་རུ་ཁག་ནང་དུ་མང་ཆེ་བ་ནི་སྤྱི་ལོ་1995ལོའི་རྗེས་སྐྱེས་པའི་ལུས་རྩལ་པ་ཡིན་ཞིང་། ཁོང་ཚོ་ནི་ན་ཆུང་ཚོགས་ཆུང་དང་གཞོན་ནུ་ཚོགས་ཆུང་གི་ལོ་མཚམས་ནས་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་བསྡུར་མང་པོར་ཞུགས་ཐུབ་ཀྱི་ཡོད་པ་རེད། ཉེ་བའི་ལོ་འགའི་རིང་གི་རྒྱལ་ནང་འགྲན་བསྡུར་ཁྲོད་དུ་བོད་ལྗོངས་ཀྱི་སྐྱེས་པའི་རྒྱང་རྒྱུག་བདམས་ཐོན་པས་རྟག་ཏུ་མཇུག་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
         རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐར་གསོག་འགྲན་བསྡུར་གྱི་མཐའ་མའི་འགྲན་བསྡུར་ནི་ཟླ་བ་6པའི་ཟླ་སྨད་དུ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་བྱ་རྒྱུ་རེད། སྐལ་བཟང་ཚེ་རིང་གིས་སྔོན་དཔག་གནང་བ་ལྟར་ན། སྟོབས་རྒྱལ་ཕུད་བོད་ལྗོངས་ལ་ཉུང་མཐའ་ཡང་ད་དུང་ལུས་རྩལ་པ་གཉིས་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་ཐོབ་ཐང་ཐོབ་པའི་རེ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།