འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཉིའུ་ཡོག་སྐབས་དོན་ཚགས་པར་ཐང་ཆེན་དུ་རླངས་འཁོར་ཞིག་གིས་ལམ་བགྲོད་པར་
    བརྡུངས་པའི་དོན་རྐྱེན་བྱུང་སྟེ་མི་1གྲོངས་པ་དང་མི་22རྨས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དོན་རྐྱེན་བྱུང་རྗེས་ཀྱི་གནས་ཚུལ།
    དོན་རྐྱེན་བྱུང་རྗེས་ཀྱི་གནས་ཚུལ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་18ཉིན། ཨ་རིའི་ཉིའུ་ཡོག་གྲོང་ཁྱེར་གྱི་སྐབས་དོན་ཚགས་པར་ཐང་ཆེན་དུ་རླངས་འཁོར་ཞིག་གིས་ལམ་བགྲོད་པར་བརྡུངས་པའི་དོན་རྐྱེན་བྱུང་སྟེ་མི་1གྲོངས་པ་དང་མི་22རྨས་སྐྱོན་ཕོག་པ་རེད། ཉིའུ་ཡོག་གྲོང་ཁྱེར་གྱི་འགན་འཛིན་པི་ཨལ་•ཏེ་པུ་ལཱ་ཞི་ཨོ་ཡིས་ད་ལྟའི་གནས་ཚུལ་ལ་གཞིགས་ན་དོན་རྐྱེན་འདི་ནི་འཇིགས་སྐུལ་བྱ་སྤྱོད་ཅིག་མ་རེད་ཅེས་བརྗོད་པ་རེད།
           ཏེ་པུ་ལཱ་ཞི་ཨོ་ཡིས་ཉིན་དེའི་དོན་རྐྱེན་བྱུང་ཡུལ་དུ་སྤེལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག གནས་ཚུལ་རགས་པའི་ཐོག་ནས། དོན་རྐྱེན་འདི་ཉིད་འཇིགས་སྐུལ་གྱི་བྱ་སྤྱོད་ཡིན་པ་མི་གསལ་ནའང་། དོགས་ཟོན་གཟབ་ནན་ལ་གཞིགས་ནས། ཉིའུ་ཡོག་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་འགོག་རྒོལ་གྱི་ཉེན་རྟོག་ནུས་ཤུགས་གྲོང་ཁྱེར་གྱི་ཁྱབ་ཁོངས་གཙོ་གྲས་སུ་བཀོད་སྒྲིག་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
          ཉིའུ་ཡོག་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་ཅ་མེ་སི་•ཨོ་ནིར་གྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཉིན་དེའི་ཆུ་ཚོད་11དང་སྐར་མ་55སྐབས། སྐྱེས་པ་ཞིག་གིས་རླངས་འཁོར་པེན་ཐེན་རྟགས་ཅན་ཞིག་མན་ཧ་ཐོན་སྲང་ལམ་42དང་གཞུང་ལམ་བདུན་པའི་རྒྱ་གྲམ་ཁུལ་གྱི་མི་བགྲོད་ལམ་ནས་ཁྲོམ་སྲང་གསུམ་ཙམ་གྱི་སར་བསྐོར་ཏེ་ཁྲོམ་སྲང་45ནས་ལམ་རགས་ལ་རྡུང་རྗེས་རླངས་འཁོར་ཁ་བཀག་པ་རེད། དེའི་རིང་། ལམ་བགྲོད་པ་22ལ་བརྡུངས་ནས་གཞོན་ནུ་མ་ཞིག་གྲོངས་པ་རེད།
          ཨོ་ནིར་གྱིས་རླངས་འཁོར་གཏོང་མཁན་སྐྱེས་པ་དེའི་མིང་ལ་ལི་ཁྲ་ཏེ་•ལུའོ་ཧ་སི་ཟེར་ཞིང་། ད་ལྟ་ལོ་26ཡིན་པ། ཉིའུ་ཡོག་གྲོང་ཁྱེར་པུ་ལང་ཁི་སི་ཁུལ་གྱི་སྡོད་དམངས་ཡིན་ལ། བྱས་ཉེས་བསགས་པའི་ཟིན་ཐོ་ཡོད་པ། ད་ལྟ། ཉེན་རྟོག་ཕྱོགས་ཀྱིས་བཀག་ཉར་བྱས་ཡོད་ཅིང་། དོན་རྐྱེན་ལ་ཞིབ་བཤེར་བརྟག་དཔྱད་སྔར་ལས་ལྷག་པར་བྱེད་བཞིན་ཡོད་ཅེས་བརྗོད།
          ཉིའུ་ཡོག་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་གསལ་བསྒྲགས་སྤེལ་ཏེ་ད་ལྟ་འབྱོར་བའི་གནས་ཚུལ་ལ་གཞིགས་ན། དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ཀྲུང་གོའི་སྤྱི་དམངས་མིན་པ་དང་། རྨས་སྐྱོན་ཕོག་མཁན་ཚོའང་ཉེ་འཁོར་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་འདུག་ལ། ཐོབ་ཐང་ནི་གསལ་ཆ་མི་འདུག་ཅེས་བརྗོད་པ་རེད།
          ཨ་རིའི་ཕོ་བྲང་དཀར་པོའི་གཏམ་བརྗོད་པ་སི་ཕའེ་སའེ་ཡིས་ཐོ་ཐེ་ཐོག་ཡི་གེ་སྤེལ་ཏེ་སྲིད་འཛིན་ཐི་རོམ་ཕུ་ཡིས་དོན་དག་འདི་ལ་དོ་སྣང་བྱས་ཡོད་པ་མ་ཟད། མུ་མཐུད་དོན་དག་བརྟག་དཔྱད་བྱེད་རིམ་ལ་དོ་སྣང་བྱ་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།
    འགན་འཛིན་པི་ཨལ་•ཏེ་པུ་ལཱ་ཞི་ཨོ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐོག་གཏམ་བཤད་སྤེལ་བ།
    འགན་འཛིན་པི་ཨལ་•ཏེ་པུ་ལཱ་ཞི་ཨོ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐོག་གཏམ་བཤད་སྤེལ་བ།
    ཉེན་རྟོག་ཅུས་ཀྲང་ཅ་མེ་སི་•ཨོ་ནིར་གྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་གནས་ཚུལ་གསལ་བཤད་བྱེད་པ།
    ཉེན་རྟོག་ཅུས་ཀྲང་ཅ་མེ་སི་•ཨོ་ནིར་གྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་གནས་ཚུལ་གསལ་བཤད་བྱེད་པ།
    དོན་རྐྱེན་བྱུང་རྗེས་ཀྱི་གནས་ཚུལ།
    དོན་རྐྱེན་བྱུང་རྗེས་ཀྱི་གནས་ཚུལ།
      

    ཕྱོགས་བསྡུས་གསར་འགྱུར།